རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།
Currently Browsing: དཔྱད་རྩོམ།

རང་སྐྱོན་ངོས་ལེན་དགོས་པ།

རང་སྐྱོན་ངོས་ལེན་དགོས་པ།
ནོར་བུ་དོན་ལྡན།


༧༧༎ ཕྱི་ཟླ་ ༧ ཚེས་ ༢༨ འཁོད་པའི་ “ ཀྲུང་འགོའི་བོད་ལྗོངས་དྲ་བ་ ” ཞེས་པའི་དབྱིན་ཡིག་ཐོག་ཐོན་པའི་གནས་ཚུལ་ལ་མཛུབ་སྟོན་བྱ་གྱུར།
༡) ཨ་རི་གཙོ་གྱུར་ནུབ་ཕྱོགས་པའི་གསར་འགྱུར་བརྒྱུད་ལམ་ནང་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་མི་ཧན་མི་རིགས་གནས་སྤོས་བྱས་པར་མཐོང་མི་བདེ་བའི་ལྟ་ཚུལ་གྱི་གནས་ཚུལ་ཐོན་པར་ཁག་ག་ལ་ཡོད། ཁོང་ཚོ་ལས་བོད་མིར་དེ་བས་སེམས་འཚབ་ཆེ་བ་ཡོད། ༡༩༥༩ གོང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་བོད་མིའི་མི་འབོར་ས་ཡ་དྲུག་ལས་མེད། བོད་ནི་དེང་དུས་ཀྱི་ཤེས་ཡོན་སྤྱི་དང་། ལྷག་པར་ཕྱིའི་འཛུགས་སྐྲུན་དང་། བཟོ་ལས་འཁྲུལ་རིག་ཐད་ཡར་རྒྱས་ཕྱིན་མེད་ནའང་། འཚོ་གོས་འགྲིགས་ངེས་དང་ལུས་སེམས་སྤྲོ་བ་འཕེར་བ་ཞི་བདེ་བག་ཕེབས་སྐྱིད་སྣང་གང་ལེགས་སུ་ཡོད། ད་ཆ་བོད་ཡུལ་ནང་ཡུལ་གྱི་བདག་པོ་བོད་མི་ལས་ཕྱི་མིའི་མི་འབོར་ལྡབ་གྱུར་མང་དུ་སོང་སྟེ་བོད་ཡུལ་རྒྱ་ཡུལ་དུ་འགྱུར་ཉེན་གྱི་ངངས་སྐྲག་ཡོད་པ་ཙམ་དུ་མ་ཟད། བོད་མིའི་ཉིན་རེའི་འཚོ་གོས་དང་ལས་ཀ། ཡུལ་གོམས་གཤིས་སྤྱོད། ཁོར་ཡུག་སྲུང་སྐྱོབ་བཅས་པར་བསམ་ཡུལ་ལས་འདས་པའི་དོ་ཕོགས་ཆེན་པོ་བྱུང་ཡོད། དོན་དམ་གྱི་དབང་ཆ་དང་ཁེ་བཟང་དང་། ཡོང་སྒོ་ཡོད་ས་ཚང་མ་རྒྱ་རིགས་ལས་བྱེད་པས་དབང་འཛིན་བྱས། ཕྱིར་གདོང་འབག་བོད་མིས་གྱོན་ཏེ་འཁྲབ་སྟོན་བྱེད་དུ་བཅུག་པ་ནི་གནས་ཚུལ་གསར་པ་ཞིག་མ་རེད། དོན་སྙིང་རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས་བོད་མིའི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དེ་དག་ངེས་པར་དུ་མཚམས་འཇོག་གཙང་མ་བྱེད་དགོས། (more…)

གང་ནས་བཅིངས་འགྲོལ་ ?

གང་ནས་བཅིངས་འགྲོལ་ ?

རྩོམ་པ་པོ། ནོར་བུ་དོན་ལྡན།

༧༧༎  ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༦ ཉིན་རྒྱའི་དྲ་རྒྱའི་ནང་  “ ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལས་ཀའི་འཕེལ་རིམ་བདེ་བླག་བྱུང་ ” གནས་ཐོན་འདུག།   ཆབ་མདོ་ནི་བོད་ཀྱི་མདོ་ཁམས་ཕྱོགས་ཀྱི་རྒྱལ་ས་ལྟ་བུ་ཡིན་པར་བརྟེན་འཛིན་སྐྱོང་སྤྱི་རྒྱབ་ཏུ་དེ་སྔ་ཞབས་པད་གཅིག་མདོ་སྨད་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་སྲོལ་ཡོད།

མདོ་སྤྱི་ལྷ་ཀླུ་ཡིན་སྐབས་གུང་བྲན་དམག་ཁག་གཅིག་དར་མདོ་ནས་རིམ་པས་རྟའུ་།  བྲག་འགོ།  དཀར་མཛེས་།  དར་དགོན།   སྡེ་དགེའི་ཕྱོགས་དང་།  ཁག་གཅིག་ཡུན་ནན་ནས་ས་ཐམ་།  རྒྱལ་ཐང་།  ལི་ཐང་།  འབའ་ཕྱོགས་སུ་འབྱོར།  ཁག་གཅིག་གིས་ཟི་ལིང་ནས་སྐྱེ་མདོ།  དིམ་ཆི་ཉེར་ལྔ་།  གླིང་ཚང་བཅས་པར་ཚུར་རྒོལ་དང་།  ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༧ ཉིན་བོད་ས་ཁམས་རི་བོ་ཆེ་དང་།  ལྡན་ཁོག།   སྐམ་ཐོག་གྲུ་ཁ་།  སྡེ་དགེ་འཇོ་མདའ་།  ཚ་ཁ་ལྷོ་།  སྨར་ཁམས་སོགས་དམག་ས་ཁག་ལྔ་ནས་དུས་གཅིག་ཏུ་ཚུར་རྒོལ་བྱས་ཏེ་རིམ་གྱིས་ཆབ་མདོར་བཙན་འཛུལ་གྱིས་མདོ་སྤྱི་ང་ཕོད་ངོ་ལས་བཙན་བཟུང་བྱས་ཏེ་ཚེས་ ༢༥ ཉིན་རྒྱ་ཕྱོགས་ནས་བོད་མི་ས་ཡ་གསུམ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་འོག་ནས་བཅིངས་བཀྲོལ་བཏང་ཚུལ་ཁྱབ་བསྒྲགས་བྱས་ཡོད།   སྐབས་དེར་བོད་ནང་རྒྱ་གར་གཞུང་གི་ལས་འཛིན་རི་ཅར་སན་དང་།  རླུང་འཕྲིན་ལས་བྱེད་ཕྱི་རྒྱལ་བ་མི་གཉིས་ལས་མེད་པ་ཀུན་གསལ་ཡོངས་གྲགས་ཡིན།   ཁོང་མི་རྡོག་གསུམ་ལ་ཕྱི་རྒྱལ་བཙན་འཛུལ་བར་ངོས་འཛིན་གྱིས་རྒྱ་དམག་ཁྲི་ཚོ་བརྒྱད་བཏང་སྟེ་བཅིངས་བཀྲོལ་བཏང་བར་གོ་དགོས་སམ་། (more…)

འཁྱོག་བཤད་ལ་ཡོང་བ་སྲང་།

འཁྱོག་བཤད་ལ་ཡོང་བ་སྲང་།

ནོར་བུ་དོན་ལྡན།

༧༧༎ བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ལ་རྒྱ་དམར་སྲིད་གཞུང་སྐད་ངན་ཤོར་བའི་གནས་ཚུལ་ “ ཀྲུང་གོའི་བོད་ལྗོངས་དབྱིན་ཡིག་དྲ་རྒྱ་ ” ནང་། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༦ ཉིན་ཐོན་པ་དེ་ནི་ང་ཚོར་རྒྱལ་ཁའི་གཏམ་བཟང་ཞིག་ཡིན་ དེར་གསལ་གནས་དོན་ཁ་ཤས་ཐོག་ར་སྤྲོད་བྱེད་རྒྱུར་།

༡) བོད་གཞུང་ཆོས་རིག་ལས་ཁུངས་ནས་འཁྲུངས་སྐར་གྱི་ཉིན་མོ་ནས་བཟུང་ལོ་གཅིག་འཁོར་བའི་རིང་བོད་རིགས་ཀུན་ནས་དམར་ཟས་སྤོང་ཐབས་དགོས་པའི་འབོད་བསྐུལ་གནང་བ་ནི་འོས་ཤིང་འཚམས་པའི་གནང་ཕྱོགས་གཅིག་རེད་ ནང་པས་སེམས་ཅན་གྱི་སྲོག་སྐྱོབ་པ་ཕན་ཡོན་ཆེ་ཤོས་རྩིས་པ་དང་། སྲོག་བཅད་པ་ལས་སྡིག་པ་ཆེ་བ་མེད་གསུངས་པ་ལྟར་ཤ་ཟ་མཁན་མེད་ན་སེམས་ཅན་མང་པོའི་སྲོག་ཚེ་ཐར་བྱུང་བ་རེད་ དམར་ཟས་སྤངས་པ་དེས་ྋརྒྱལ་བའི་སྐུ་ཚེ་ཡུན་རིང་ཆེད་དུ་དམིགས་པ་ཡིན་ན་ཕན་ཁྱད་ཀྱི་དགོས་པ་རྒྱུ་མཚན་དུ་མ་ཡོད་ གསལ་པོ་མཁྱེན་དགོས་པ་ཞིག་ལ་ཆོས་དོན་ལས་ཁུངས་ཀྱིས་ “ འབོད་བསྐུལ་ ” གནང་བ་ལས་ “ བཀའ་བཏང་ ” བ་གནང་མེད་ འདི་སྐོར་འགྲེལ་བཤད་ཇེ་སྙེད་ཡོད་ཀྱང་ཆོས་ཁས་མི་ལེན་མཁན་ཀླ་ཀློར་ཆོས་ཀྱི་ཕན་ཡོན་སྐོར་འགྲེལ་བཤད་བརྒྱབ་ན་དུས་ཚོད་འཕྲོག་བརླག་དང་ཡིག་ཚོགས་མང་བའི་རྒྱུ་ལས་དགེ་མཚན་མ་མཐོང་སྟབས་བྲིས་པའི་ངལ་བ་བྱེད་ཀྱི་མིན།

༢) ས་མཐོ་བོད་ལུང་པ་ཆགས་སྟངས་དང་། གནམ་གཤིས་གྲང་ངར་གྱིས་རྐྱེན་པས་ྋགོང་ས་མཆོག་ནས་དམར་ཟས་བཞེས་ཀྱི་ཡོད་ བཙན་འབྱོལ་དུ་ྋཞབས་སོར་འཁོད་རྗེས་ཐེངས་འགའ་ཤས་དམར་ཟས་སྤོང་ཐབས་ཀྱི་འབད་བརྩོན་གནང་ཡོད་ འོན་ཀྱང་སྐུ་མཁྲིས་ཀྱི་བསྙུན་གཞི་བཞེས་རྐྱེན་སྨན་པས་གསོལ་འདེབས་ཞུས་ཏེ་མཚམས་འཇོག་གཙང་མ་གནང་ཐུབ་མེད་ འོན་ཀྱང་ཟླ་རེའི་ནང་ཐེངས་རེ་ཟུང་མ་གཏོགས་ཉུང་དུ་གཏོང་བ་གནང་བ་རེད་ ཁོང་རྫུན་སྤང་པའི་སྐྱེས་ཆེན་ཞིག་ཡིན་སྟབས་གསོལ་ཀྲུམ་བཞེས་བཞིན་དུ་བཞེས་ཀྱི་མེད་ཅེས་ཁྱེད་ཅག་ལྟར་ཁོང་ལ་རྫུན་གསུང་པའི་གོམ་སྲོལ་མེད་ དཔེར་ན་ བོད་ཀྱི་ཞིང་འབྲོག་གི་ས་ཁུལ་གྱི་གནས་སྟངས་ཧ་ཅང་ཞན་པོ་ཡོད་རུང་། ཁྱེད་ཅག་གིས་ཞིང་འབྲོག་ས་ཁུལ་གྱི་གནས་སྟངས་ “ བདེ་སྐྱིད་ལྡན་པ་ ” ཡོད་ཅེས་དངོས་ཡོད་གནས་སྟངས་ཇི་ཡོད་མིག་མཐོང་མྱོང་གྲུབ་ལ་ཧམ་བཤད་ཀྱི་བརྗོད་བབས་དེ་འདྲ་ཁོང་གིས་ཤེས་ཀྱི་མེད་།

༣) ཕྱི་རྒྱལ་ཡུལ་ཁག་ཏུ་གནས་པའི་བཙན་འབྱོལ་བོད་མིས་རང་གི་ཡུལ་དང་མི་རིགས་ཀྱི་རང་དབང་སླར་གསོའི་ལས་དོན་ལ་སྨན་ཐབས་སུ་རང་དོན་རང་གཅེས་ཀྱིས་དགའ་བཞིན་སྤྲོ་བཞིན་དང་བས་དཔྱ་ཁྲལ་ཕུལ་བ་ནི་འོས་ཤིང་འཚམས་པའི་ཡ་རབས་ཀྱི་བྱེད་སྟངས་ཤིག་རེད་ ཁྱེད་ཚོ་ལྟར་ང་ཚོར་ཁྲལ་ལས་ཐར་ས་མེད་པ་དེ་འདྲ་མིན་ བོད་མིས་བོད་དོན་ལ་ཤ་ཚ་དགའ་ཞེན་བྱས་པར་ཁྱེད་ཚོ་མི་དགའ་བའི་བྱེད་དོན་ཅི་འདུག་ བོད་མིས་བོད་དོན་ཐོག་འགན་འཁུར་བླངས་པ་ཁྲིམས་འགལ་ཡིན་ནམ་།

༤) ྋགོང་ས་ཏཱ་ལའི་བླ་མ་མཆོག་མདོ་སྨད་དུ་འཁྲུངས་པ་རེད་ ཡང་སྲིད་རྩད་གཅོད་སྐབས་ཀྱི་ཟི་ལིང་རྨྰ་ཕུ་ཕང་ལ་བླུ་ཡོན་གླ་བརྔན་རྡ་ཡང་འབུམ་ཕྲག་བཞི་སྤྲོད་ཤོར་བྱུང་ཡོད་ དེ་མིན་བོད་དུ་གདན་ཞུའི་བཀའ་འཁྲོལ་ཆོག་མཆན་ཞུས་རིགས་བྱུང་མེད་ ཡང་སྲིད་རྩད་གཅོད་ཞུ་མིའི་ཁོངས་ནས་རྩེ་དྲུང་བློ་བཟང་ཚེ་དབང་སྔ་འཕྲོས་མི་གཏེར་བཞག་སྟེ་ལམ་འཕྲལ་གདན་ཞུ་ཐུབ་ཐབས་མ་བྱས་ཚེ་རྒྱ་ཕྱོགས་ནས་ “ ཕེབས་སྐྱེལ་ ” སོགས་ལ་སྙད་དེ་ཕེབས་འགྱངས་ཡོང་དྭོགས་བྱས་པ་དེ་ནས་རྒྱ་དམག་གིས་གདན་ཞུ་བྱས་པ་ཟེར་བ་རྫུན་གཏམ་ཁོ་ན་ཡིན་ སྐབས་དེའི་ཟི་ལིང་རྨཱ་ཕུ་ཕང་རང་ཉིད་ཀྱི་གནས་སྟངས་ཀྱང་ཁྲིམས་འགོ་རང་བཙན་ལྟ་བུ་ཡིན་ མཐར་རྒྱ་དམར་དང་འཐབ་པའི་སྐབས་ཕམ་ནས་ཏུར་ཀིར་བྲོལ་ཏེ་གྲོངས་པ་རེད་ གལ་ཏེ་ཁྱེད་ཅག་གིས་བཤད་པ་ལྟར་བོད་རྒྱ་ཁོངས་ཡིན་ཚེ་གླ་བརྔན་ལེན་པ་དང་མི་གཏེར་ཉར་བ་ངོ་མི་ཚའམ་།

༥) ྋགོང་ས་ཆེན་པོས་ངའི་ཀླད་པ་ཁ་ཕྱེ་་བ་ཡིན་ན་བརྒྱ་ཆ་བརྒྱ་ཐམ་པ་རྒྱ་གར་བའི་ཡིན་གསུངས་པའི་གོ་དོན་ནི་ གང་གིས་བསླབ་པ་སློབ་གཉེར་གནང་བའི་ནང་ཆོས་ཀྱི་འབྱུང་ཁུངས་སྟོན་པ་ཤཱཀྱ་ཐུབ་པ་དང་། རྒྱན་དྲུག་མཆོག་གཉིས་། གནས་བརྟན་བཅུ་དྲུག་ གྲུབ་ཆེན་བརྒྱད་ཅུ་སོགས་རྒྱ་གར་ནས་ཡིན་པའི་ཆ་ནས་གསུངས་པ་ལ་གོ་བ་ལོག་སྒྲུབ་ཀྱིས་རང་སྣང་གང་དྲན་འཁྱོག་བཤད་བྱེད་མི་རུང་། དཔེར་ན་ ཁ་ལག་གི་ལག་རྩལ་རྒྱ་ནག་ཡག་པ་ཡོད་ཙང་རྒྱ་ནག་ནས་ཁ་ཟས་བཟོ་སྟངས་ཀྱི་ལག་རྩལ་བླངས་པ་ལྟར་ཡིན།

ྋགོང་ས་མཆོག་ཆིབས་བསྒྱུར་གནང་ཡུལ་ཀུན་ལ་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་དཀའ་རྙོག་ཆེ་ཆུང་ཚང་མ་སེལ་ཐབས་ཐོག་འབད་བརྩོན་ཐབས་ཤེས་དགོས་པའི་ལམ་སྟོན་གནང་གི་ཡོད་ འཚེ་མེད་ཞི་བའི་ལྟ་གྲུབ་སྟོན་པ་བཅོམ་ལྡན་འདས་ནས་བདག་ཉིད་ཆེན་པོ་གྷན་དི་བར་དར་སྤེལ་བྱུང་བའི་རྨད་བྱུང་གི་ཐབས་ལམ་དམིགས་བསལ་ཅན་དེའི་འབྱུང་ཁུངས་རྒྱ་གར་ཡིན་ཙང་། ཁོང་གིས་རྒྱ་གར་གྱི་སྲས་ཡིན་པ་དང་། རྒྱ་གར་བའི་མགྲིན་ཚབ་གསུང་པ་འགྲིགས་པ་རེད་ རིག་པའི་དཔྱད་ན་འདི་ལ་འགལ་བ་ག་རེ་འདུག་

ཆིབས་བསྒྱུར་གནང་ཡུལ་གྱི་ཡུལ་ཁག་ནང་བཀའ་འདྲི་དགོངས་བསྐོར་ཞུ་མཁན་བྱུང་ན་ལས་། དེ་མིན་ཡུལ་གྱི་སྲིད་བྱུས་དང་འབྲེལ་བའི་བཀའ་མོལ་གསུང་གི་མེད་པ་ལྟར་རྒྱ་གར་གྱི་ནང་སྲིད་ལའང་ཐེ་བྱུས་གནང་གི་མེད་ གཞི་ནས་ྋགོང་ས་མཆོག་རྒྱ་གར་གྱི་སྲས་ཡིན་གསུང་པར་ཁྱེད་ཅག་ཕུད་དེ་མིན་འཛམ་གླིང་གི་ཡུལ་གྲུ་ཁག་ནང་སུ་གཅིག་གིས་དགག་པ་བྱེད་མཁན་བྱུང་མེད་ དེས་ཁྱེད་ཅག་ལ་ཕོག་གི་ཡོད་པར་སོང་སྡུག་སྐད་ཤོར་བ་ཁག་མེད་ འོན་ཀྱང་ྋགོང་ས་མཆོག་བོད་གཞིས་བྱེས་གཉིས་ཀྱི་གློ་སྙིང་བྲང་གསུམ་བསྟན་པའི་དབུ་འཛིན་ཞིག་ཡིན་པ་ཙམ་དུ་མ་ཟད་ ལོ་རྒྱུས་ཐོག་བོད་འབངས་ཀྱི་བདེ་དོན་ཁོང་ལ་འཁྲི་བའི་ལས་འགན་ཞིག་ཡིན་པའི་ཆ་ནས་བོད་དང་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩའི་སྐོར་གླེང་དོན་དེ་ལྟར་ཡིན་ ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དེ་སྲིད་དུ་ད་མུས་གཞིན་མུ་མཐུད་འཐབ་རྩོད་གནང་རྒྱུ་ངེས་པ་ཡིན་ དེ་འདྲ་སོང་ཙང་ྋརྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་མ་ནོར་བ་བྱེད་དེ་གནས་དང་དུས་། གསུང་ཡུལ་། བརྗོད་གཞི་བཅས་པར་བསམ་ཞིབ་བྱེད་དགོས་།

༦) འདི་ལོ་ཕྱི་ཟླ་གཉིས་པའི་ནང་རྒྱ་གར་དང་ཉེ་བའི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་སྐོར་བཀའ་གནང་བའི་གཞི་ནི་ ཕྱི་ལོ་ ༡༩༡༤ ཟླ་ ༣ ཚེས་ ༢༤ ལ་རྒྱ་གར་དབྱིན་གཞུང་ཕྱི་འབྲེལ་བློན་ཆེན་སར་ཧེན་རིས་མེག་མོ་ཧན་མཆོག་གིས་འབྲུག་གི་ཤར་ཕྱོགས་ནས་བོད་དང་རྒྱ་གར་དབར་ས་མཚམས་གསལ་པོ་ཞིག་མེད་ན་ཕྱིན་ཆད་རྙོག་གླེང་འབྱུང་གཞིའི་ཉེན་ཀ་ཡོད་པར་བརྟེན་ས་ཁྲའི་སྒང་ལ་ཐིག་རིས་བྲིས་པ་གཉིས་བོད་གཞུང་ཆིངས་དོན་སྐུ་ཚབ་ལ་ཕུལ་བ་དེ་ལ་མོས་མཐུན་མཚན་རྟགས་དང་དམ་ཕྲུག་སྐྱོན་པ་རེད་ བོད་རྒྱ་མིའི་ཆ་ཤས་ཡིན་ན་ས་མཚམས་སྐོར་དབྱིན་རྒྱ་གཉིས་བཀའ་མོལ་གྱིས་ཐག་གཅོད་དགོས་པ་ཞིག་ལས་བོད་གཞུང་ལ་ཐད་ཀར་འབྲེལ་བ་གནང་དོན་གང་ཡིན་ནམ་། སྐབས་དེར་བོད་དབྱིན་གཉིས་ཐད་ཀར་ཐག་གཅོད་གཏན་འབེབས་གནང་བ་དེས་རྒྱ་གཞུང་ལ་བོད་ཐོག་དབང་ཆ་སྤུ་ཙམ་མེད་པ་གསལ་པོ་བསྟན་པ་རེད་ གཞི་ནས་ ༡༩༡༤ ལོར་ཐག་གཅོད་གཙང་ཟིན་གྱི་གནས་ཚུལ་ལ་ ༡༩༦༢ བར་མི་ལོ་ ༤༨ རིང་གླེང་སློང་མེད་པ་འཇམ་ཐིང་བཞག་དོན་གང་ཡིན་ནམ།

༧) གལ་ཏེ་དབུ་མའི་ཐབས་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་གཏན་ནས་སེལ་མ་ཐུབ་པ་བྱུང་སྟེ་བོད་འབངས་འདོད་བློ་མ་ཁེངས་པའི་རྒྱུ་མཚན་གྱིས་རང་བཙན་སྐྱར་རྩོད་ཀྱི་ལམ་ལ་ལྟག་ལོག་གི་དགོས་འདུན་བྱས་པ་ཡིན་ཚེ་། དེ་ལ་གདམ་ཀའི་ཐབས་ཤེས་མེད་ལུགས་གསུང་པ་དེས་། བརྒྱ་ཁ་གཅིག་གཅོད་མ་ཡིན་པར་བོད་མི་མང་གི་དགོས་འདུན་བསམ་ཚུལ་ལ་གུས་བརྩི་གནང་བ་ནི་རླབས་ཆེན་གཟི་བརྗིད་ཀྱི་མཛད་སྤྱོད་ཅིག་ཡིན་ འོན་ཀྱང་རང་བཙན་འཐབ་རྩོད་ཟེར་དུས་འཚེ་བའི་ལམ་ལ་ཞུགས་པར་བསྡོམས་རྩིས་བརྒྱབ་རྒྱུ་ནོར་འཁྲུལ་རེད་།

ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་པའི་ས་ཁུལ་སྤྱི་དང་། ལྷག་དོན་རྒྱ་གཞུང་གིས་རྒྱ་སྡེར་འབོད་པའི་མདོ་སྟོད་སྨད་ས་ཁུལ་ཁག་ནས་རྒྱ་རྒོལ་ཞི་བའི་རྔམ་སྟོན་རྒྱུན་མཐུད་བྱས་ཡོད་ “ ངོ་རྒོལ་ ” ཟེར་བ་ནི་དགའ་པོ་དང་སྐྱིད་པོ་བྱུང་ནས་མ་ཡིན་པར་། འུ་ཐུག་ཐབས་ཟད་ཀྱིས་གྱེན་ལོག་བྱས་པ་ལ་ཟེར་། དོན་ཧྲིལ་པོར་བསྡུས་ན་ བོད་རིགས་རྣམས་རྒྱ་གཞུང་གི་བྱེད་སྟངས་ལ་ཞེན་པ་གཏིང་ནས་ལོག་སྟེ་ངོ་རྒོལ་བྱས་པ་ཞིག་རེད་ མཚོན་མེད་མི་མང་གིས་ཞི་བའི་རྔམས་སྟོན་བྱས་པར་མཚོན་ལྡན་དམག་མིས་བསད་བཟུང་ཉེས་བརྡུང་བཏང་བ་ནི་བཙན་རྒྱལ་ཡིན་པའི་རྟགས་རེད་ བོད་མིའི་དགོས་འདུན་ྋགོང་ས་མཆོག་ནས་གདུང་སེམས་མཉམ་བསྐྱེད་གནང་བ་ནི་འོས་འགན་ཡིན།

༨) བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རང་དབང་ལྡན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་ཤིག་རེད་ ཚོགས་པ་དེའི་དམིགས་ཡུལ་གཅིག་བོད་རང་བཙན་འཐབ་རྩོད་ཡིན་པ་ལྟར་དེའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད་ རྒྱ་ནག་དམར་པོའི་སྲིད་གཞུང་ལྟར་མ་ཡིན་པར་། ང་ཚོ་དམངས་གཙོའི་ལམ་ཐོག་འགྲོ་གི་ཡོད་པར་བརྟེན་ རང་གི་འདོད་ཕྱོགས་དང་མ་མཐུན་ན་ དེ་ལ་སྐྱོན་འཛུགས་དམའ་འབེབས་མཐོང་ཆུང་རྡོག་རོལ་བཏང་སྲོལ་མེད་ ཆབ་འབངས་ཀུན་ལ་སྨྲ་བརྗོད་ཀྱི་རང་དབང་ཐོབ་ཐང་ཡོད་ དེ་ནི་དམར་པོ་དང་མང་གཙོའི་འགྲོ་ལུགས་དབར་གྱི་ཁྱད་པར་ཆེ་ཤོས་ཤིག་ཡིན།

༩) ྋགོང་ས་ཆེན་པོར་ཞི་བདེའི་གཟེངས་རྟགས་ཕུལ་དོན་ནི་ འཚེ་བ་མེད་པའི་ཐབས་ལམ་ལ་བསྟེན་ནས་བོད་དོན་འཐབ་རྩོད་གནང་བར་བརྟེན་ནས་ཆེས་སྙན་གྲགས་ཅན་གྱི་གཟེངས་རྟགས་དེ་ཕུལ་བ་ཞིག་ཡིན་ ྋགོང་ས་མཆོག་ནི་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དགེ་སློང་ཞིག་ཡིན་པར་སོང་ ཞི་བདེའི་གཟེངས་རྟགས་ཕུལ་བ་དེས་ྋགོང་ས་མཆོག་སྐུ་སྒེར་ལ་དམིགས་བསལ་གྱི་ཁྱད་པར་གང་ཡང་བྱུང་མེད་རུང་། གཟེངས་རྟགས་ཀྱི་ཆེ་མཐོང་སྔར་ལྷག་ཆེ་རུ་ཕྱིན་ཡོད་ རྒྱ་ནག་ལ་མི་དུང་ཕྱུར་མང་པོ་ཡོད་རུང་དེ་འདྲའི་གཟེངས་རྟགས་བཞེས་མཁན་མ་བྱུང་བ་ནི་ངོ་ཚ་བའི་གནས་ཡིན།

༡༠) ཧི་ཊི་ལར་ཆུང་དུས་འགྲོ་བ་མི་སྤྱི་མཚུངས་ལྟར་བྱམས་བརྩེའི་འཚོ་བ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཐུབ་། དཔེར་ན་ ཕྲུ་གུ་བཙས་པའི་སྐབས་ནས་གདུག་རྩུབ་གནོད་སེམས་ཅན་ག་ལ་ཡོང་། ཡུལ་དུས་གནས་སྟངས་དང་ ། དོ་བདག་རང་ཉིད་སོ་སོར་འཕྲད་པའི་གནས་ཚུལ་གྱིས་རྐྱེན་པས་མིའི་བསམ་བློར་འགྱུར་བ་སོང་བ་ལྟར་ཧི་ཊི་ལར་གྱི་ཕྱིས་ཀྱི་བྱེད་སྟངས་རང་གཞན་གཉིས་མེད་ཐབས་སྡུག་གང་མིན་བྱུང་བ་ནི་ཀུན་གསལ་ཡིན་ གཞི་ནས་ཧི་ཊི་ལར་འདས་ཟིན་པ་རེད་ འདས་ཟིན་པའི་མི་ལ་མི་དགའ་བ་བྱས་ཀྱང་ཅི་ལ་ཕན་ ནང་པས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་བྲལ་བར་གྱུར་ཅིག་ སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་གསོལ་འདེབས་སྨོན་ལམ་བྱེད་ཀྱི་ཡོད་ ཁྱེད་ཅག་གི་མེས་པོ་མོའོ་ཚེ་ཏུང་ལ་ཆ་བཞག་ན་ ཐོག་མར་ཉིད་ནས་མི་གདུག་རྩུབ་ངོ་ཚ་མེད་པ་ཞིག་ག་ལ་ཡིན་ རིམ་པས་དབང་ཆ་ལག་ཏུ་རག་རྗེས་འདོད་རྔམ་ཆེ་རུ་ཕྱིན་དེ་རྒྱས་སྤྲོས་བྱེད་འགོ་བཙུགས་། བོུ་གཟུགས་དང་རྣམ་པ་ཡོད་མཁན་ཞིག་ཡིན་ཕྱིན་མཐོང་ཚད་གྲང་འོག་ཏུ་ཉལ་མ་མྱོང་བ་མེད་པའི་ཚོད་དུ་གྱུར་། དམར་ཤོག་གི་ལས་འགུལ་སྤེལ་སྐབས་མོའོ་རང་ཉིད་ཀྱིས་ ༡༩༤༩ ནས་ ༡༩༥༤ བར་གཅིག་པུར་མཚོན་ན་རྒྱ་རིགས་འབུམ་ ༨ སྐོར་སྲོག་སྐྱོནབྱུང་ཡོད་པར་ངོས་ལེན་བྱས་ཡོད་ བོད་ལ་མཚོན་ན་རྒྱ་ནག་གིས་བཙན་འཛུལ་བྱས་པ་ནས་བཟུང་ཁྱོན་བོད་མི་ས་ཡ་གཅིག་དང་འབུམ་གཉིས་སྐོར་ལ་སྲོག་བྱུང་ཡོད་ ༡༩༨༩ ལོར་པེ་ཅིང་དུ་མཚོན་མེད་སློབ་ཕྲུག་དང་ངལ་རྩོལ་ལས་མིས་རྒྱ་གཞུང་གི་སྲིད་བྱུས་སྐྱོང་སྟངས་ལ་འདོད་པ་མ་ཁེངས་པར་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་སྐབས་ལྕི་བའི་གོ་མཚན་ལྡན་པའི་དྲག་དམག་གིས་ཁྱོན་མི་གྲངས་ ༥༠༠༠ སྐོར་ལ་སྲོག་སྐྱོན་དང་། ཆིག་ཁྲི་སྐོར་ལ་སྨས་སྐྱོན་ཚབས་ཆེ་བྱུང་ཡོད་ འོན་ཀྱང་ནང་པས་རྒྱུན་དུ་གསོལ་འདེབས་སྨོན་ལམ་དང་སྒོམ་སྒྲུབ་བྱས་པའི་སྐབས་། དེ་ལྟ་བུའི་སྡིག་ལས་ཚབས་ཆེ་བྱེད་མཁན་སྡང་དགྲ་ལའང་སྙིང་རྗེའི་ཡུལ་དུ་བསམ་ནས་དམིགས་པ་བྱེད་ཀྱི་ཡོད་ དེ་ནི་ནང་པའི་ཐོུང་མ་ཡིན་པའི་ཁྱད་ནོར་དམིགས་བསལ་ཅན་ཞིག་ཡིན།

༡༡) ྋགོང་ས་མཆོག་སྐུ་ཚེ་རིང་པོར་བཞུགས་རྒྱུར་རེ་སྨོན་གནང་བ་ནི་བྱེ་མའི་ནང་ནས་གསེར་སྙེད་མ་ལྟར་དགའ་པོ་བྱུང་། གང་ཡིན་ཟེར་ན་ ཁོང་སྐུ་ཚེ་ཡུན་རིང་དུ་བཞུགས་ན་ འཛམ་གླིང་སྤྱི་དང་བོད་མི་མང་ལ་སྨོས་ཅི་། རྒྱ་མི་མང་ལ་མེ་མདའི་རྩེ་གྲིས་ཁ་ལོ་བསྒྱུར་མ་ཐུབ་པའི་བླང་དོར་གྱིེ་གནས་དུ་མ་ཞིག་ཆོས་ཕྱོགས་ནས་སེལ་ཐུབ་པའི་ཕན་ཁྱད་རླབས་པོ་ཆེ་ཡོང་རྒྱུ་ངེས་པ་ཡིན།

« Previous Entries

Powered by Wordpress | Designed by Elegant Themes