རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཟླ་༡ཚེས་༢༣ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱ་ཡིན་པ།

༢༠༡༠ཟླ་༡ ཚེས་༢༣ ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དག་སྣང་གསང་བ་རྒྱ་ཅན་གྱི་ནང་ཚན་ཚེ་དཔག་མེད་དངས་མ་བཅུད་འདྲེན་གྱི་སྒོ་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་འདུག བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གསུངས་གསལ་ལ་བརྟན་བཞུགས་དང་སྦྲགས་རྟེན་འབྲེལ་གྱི་བཀྲ་ཤིས་པའི་དགའ་སྟོན་ལ་རོལ་རྒྱུའི་ལས་རིམ་ཡང་ཡོད་འདུག

༧གོང་ས་མཆོག་ནས་ཟླ་བ་གཉིས་པའི་ནང་ཨ་རིའི་ཕོ་ལི་རི་ཊ་མངའ་སྡེའི་མཐོ་སློབ་ཁག་ལ་བཀའ་སློབ་གསུངས་བཤད་བརྩལ་རྒྱུ་ཡིན་པ།

ཨ་མེ་རི་ཀའི་ཕོ་ལི་རི་ཊ་ཨེཌ་ལན་ཊིག་མཐོ་སློབ་ནས་གསལ་བསྒྲགས་གནང་གསལ་ལ་༧གོང་ས་མཆོག་ཟླ་༢་ཚེས་༢༤ ཉིན་དེ་གར་མང་ཚོགས་སུ་”སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ཡིན་”ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག མཐོ་སློབ་ཀྱི་དྲ་རྒྱའི་སྟེང་བརྗོད་གསལ་ལ་༧གོང་ས་མཆོག་གི་བཀའ་སློབ་དེ་ནི་མཐོ་སློབ་དེའི་སྦོ་ཁ་རེ་ཊོན་ཡན་ལག་གི་ཚོགས་ཁང་ནང་ཚེས་༢༤ ཞོག་པ་ཆུ་ཚོད་༡༠ ནས་༡༡:༣༠ བར་བརྩལ་གནང་རྒྱུ་ཡིན་པ་དང་། ཡང་༧གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་ནས་མཐོ་སློབ་དེས་ཞི་བདེའི་བདུན་ཕྲག་ཞིག་ཀྱང་ཟླ་༢ ཚེས་༡༩ ནས་ ༢༤ བར་གོ་སྒྲིགས་གནང་གི་ཡོད་འདུག

དེ་བཞིན་ཕོ་ལི་རི་ཊ་ནས་གསར་འགྱུར་དོན་གསལ་ལ་ཟླ་༢ ཚེས་༢༣ ཉིན་༧གོང་ས་མཆོག་ནས་ནོ་ཝ་སཨོཏ་ཨེ་སི་ཀྲརན་མཐོ་སློབ་དུའང་ཆིབས་བསྒྱུར་གནང་གི་ཡོད་པ་དང་། དེ་གར་མང་ཚོགས་སུ་ ”རྒྱལ་སྤྱིའི་སྤྱི་ཚོགས་སུ་རྙིང་རྗེའི་བག་ཆགས་” ཐོག་བཀའ་སློབ་གསུངས་བཤད་བརྩལ་རྒྱུ་ཡིན་འདུག

༧གོང་ས་མཆོག་ནས་རྡོ་རྗེ་གདན་དུ་རྒྱ་རིགས་ཚོར་མཇལ་ཁ་དང་བཀའ་སློབ་གནང་བའི་བརྙན་པར་།

༧གོང་ས་མཆོག་ནས་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་སྐབས་༢༠༡༠ ཟླ་ ༡ ཚེས་ ༦ ཉིན་རྒྱ་རིགས་ཚོར་མཇལ་ཁ་དང་བཀའ་སློབ་གནང་བ་དང་ཁོང་ཚོར་ནང་ཆོས་ཀྱི་གནས་སྟངས་དང་བོད་རྒྱའི་འབྲེལ་བའི་ཐོག་འགྲེལ་བརྗོད་གནང་བའི་པརྙན་པར་གཤམ་དུ་ཡོད་པ་ལ་གཟིགས་གནང་ཡོད་པ་ཞུ།

« Previous Entries

Powered by Wordpress | Designed by Elegant Themes