རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཕྲུལ་སྒྲ་ (Twitter) དྲྭ་གནས་སུ་ཕེབས་པ།

༧གོང་ས་མཆོག་ནས་ཝང་ལི་ཤོང་གི་འཕྲུལ་སྒྲའི་ཐོག་བཅར་འདྲི་དང་ལེན་གནང་བཞིན་པ། ནིའུ་ཡོག་སྐུ་ཚབ་དོན་གཅོད་ནས།

༧གོང་ས་མཆོག་ནས་ཝང་ལི་ཤོང་གི་འཕྲུལ་སྒྲའི་ཐོག་བཅར་འདྲི་དང་ལེན་གནང་བཞིན་པ། ནིའུ་ཡོག་སྐུ་ཚབ་དོན་གཅོད་ནས།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་གྱི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འཕྲུལ་སྒྲ་ (Twitter) དྲྭ་གནས་བརྒྱུད་རྒྱ་ནག་སྐམ་སའི་རྒྱ་རིགས་མི་མང་ཁྲི་ཚོ་རྒལ་བས་ཆེད་དོན་བཀའ་འདྲི་ཞུས་པར་བཀའ་ལན་སྩལ། དེ་ཡང་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཝང་ལི་ཞུང་ (WangLixiong) གིས་དྲྭ་རྒྱའི་ཐོག་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་དྲྭ་རྒྱ་བདེ་སྤྱོད་བྱེད་མཁན་མི་གྲངས་ ༡༢༥༣ ཙམ་གྱིས་ྋགོང་ས་མཆོག་ལ་ཆེད་དོན་དྲི་བ་ཁག་ ༢༨༩ ཕུལ་ཡོད། དེ་ནས་མི་གྲངས་ ༡༢༤༧༣ ཙམ་གྱི་དྲི་བ་ལས་འདེམས་སྒྲུག་བྱས་པའི་གཙོ་གནད་ཅན་གྱི་དྲི་བ་ ༢༥༠ ལ་ྋགོང་ས་མཆོག་གིས་བཀའ་ལན་སྩལ་ཡོད་པ་དེ་དག་སྐུ་ཞབས་ཝང་ལི་ཞུང་གིས་རྒྱ་སྐད་ཐོག་ནས་རྒྱ་ནག་སྐམ་སའི་ནང་ཡོད་པའི་རྒྱ་རིགས་ཚོར་དྲྭ་ཐོག་ནས་སྤེལ་ཡོད། གཙོ་གནད་ཅན་གྱི་དྲི་བ་ཁག་བཅུ་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་སྐུ་ཞབས་ཝང་ལི་ཞུང་གིས་ྋགོང་ས་མཆོག་ལ་ཕུལ་ཡོད་པ་དེ་དག་ལ་བཀའ་ལན་གནང་ཡོད། སྤྱིར་རྒྱ་ནག་ནང་འཕྲུལ་སྒྲ་ (Twitter) དྲྭ་རྒྱར་དམ་བསྒྲགས་བྱེད་བཞིན་ཡོད་ཀྱང་ (Google Moderator) བརྒྱུད་ཕྱིའི་གནས་ཚུལ་རྣམས་རྒྱ་ནག་སྐམ་སའི་ནང་སླེབས་ཐུབ་ཀྱི་ཡོད།

དྲི་བ་དང་པོ། བོད་ཀྱི་མ་འོངས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་སྐོར་ཡིན། ྋཔཎ་ཆེན་ལ་ཡང་སྲིད་གཉིས་བྱུང་བ་ནང་བཞིན་ཏཱ་ལའི་བླ་མ་ཁྱེད་རང་ལའང་རྗེས་སུ་ཡང་སྲིད་གཉིས་འབྱུང་སྲིད་ན་དེ་ལ་ཁྱེད་ཀྱིས་དེ་ལ་གཟིགས་ཚུལ་ཅི་འདྲ་ཞིག་ཡོད།
བཀའ་ལན། ༡༩༦༩ ལོར་ངོས་ནས་གཞུང་འབྲེལ་གཏམ་བཤད་ཅིག་གི་ནང་ཏཱ་ལའི་བླ་མའི་བླ་བྲང་ངམ་སྒྲིག་འཛུགས་ཤིག་ཡོད་པ་འདི་མ་འོངས་པར་གནས་དགོས་དང་མི་དགོས་མི་མང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་དང༌། དེ་བཞིན་ ༡༩༩༢ ལོར་གཞུང་འབྲེལ་གཏམ་བཤད་གཞན་ཞིག་གི་ནང་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ངོས་ནས་འགན་འཁུར་གང་ཡང་ལེན་རྒྱུ་མིན། ད་ཡོད་བོད་ནང་གི་ལས་བྱེད་རྣམས་ནས་འགན་ཁུར་ལེན་དགོས་བརྗོད་པ་དང་། དེ་རྗེས་ ༢༠༠༡ ལོ་ནས་ང་ཚོས་བཙན་བྱོལ་གྱི་སྒྲིག་འཛུགས་དབུས་ཀྱི་ཆབ་སྲིད་ཀྱི་འགན་འཁུར་མཁན་ལོ་ལྔ་རེའི་མཚམས་ནས་མི་མང་གིས་འོས་བསྡུ་བྱས་ཏེ་གཏན་འབེབས་ལག་བསྟར་བྱེད་ཀྱི་ཡོད། དེར་བརྟེན་ངོས་ནས་ཏཱ་ལའི་བླ་མའི་ཡང་སྲིད་གལ་ཆེན་པོ་གང་ཡང་མཐོང་གི་མི་འདུག ངོས་རང་གསོན་པའི་རིང་ཧུར་ཐག་བྱེད་རྒྱུ་ལས་གཞན་ངོས་ལ་བསམ་བློ་ (རེ་བ་) དང་འགན་འཁུར་གང་ཡང་མེད། ཏཱ་ལའི་བླ་མའི་བླ་བྲང་སྐོར་ལ་ངོས་རང་ལས་ཀྲུང་གོ་གུང་ཁྲན་ཏང་ཐུགས་འཁུར་ཆེ་བ་འདུག དེར་བརྟེན་པཎ་ཆེན་གཉིས་ཡོད་པ་ལྟར་ཡོང་སྲིད་ཀྱི་རེད། དེ་ནི་རྙོག་དྲ་སྣོན་མ་ལས་ཕན་ཐོགས་གང་ཡང་མེད།

དྲི་བ་གཉིས་པ། ཁྱེད་རང་གི་ངོས་ནས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་སྐུ་འཕྲེང་ ༡༡ པ་ཆོས་ཀྱི་རྒྱལ་པོ་ལ་གཟིགས་ཚུལ་ཅི་འདྲ་ཡོད།
བཀའ་ལན། ངོས་ནས་གོ་ཐོས་བྱུང་བ་ལྟར་ན་ཁོང་རིག་པ་ཡག་པོ་ཡོད་པ་དང་། ཆོས་ཕྱོགས་ལ་དོ་སྣང་ཆེན་པོ་འདུག་ཟེར། འོན་ཀྱང་མི་མང་རྣམས་ཐེ་ཚོམ་ངང་གནས་ཡོད། གཙོ་བོ་ཁོང་རང་ཉིད་ལ་རག་ལས་པ་རེད། དངོས་གནས་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་སྐྱེས་བུ་དམ་པ། བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཐུབ་མཁན་ཞིག་བྱུང་ན་འགྲིག་པ་རེད།

དྲི་བ་གསུམ་པ། བོད་གཞུང་གི་སྐུ་ཚབ་དང་རྒྱ་གཞུང་བར་གྲོས་མོལ་བྱས་པ་རྣམས་ལ་འབྲས་བུ་མེད་པར་གྲོལ་འགྲོ་གི་འདུག དོན་དངོས་ཐོག་ཕྱོགས་གཉིས་བར་གནད་དོན་གང་གི་ཐོག་བསམ་ཚུལ་གཅིག་གྱུར་ཡོང་གི་མེད་པ་རེད། ལོ་ངོ་བཅུ་ཕྲག་དུ་མའི་རིང་གྲོས་མོལ་བྱས་ཀྱང་ཅིའི་ཕྱིར་གྲུབ་འབྲས་མ་ཐོན་པ་ཡིན་ནམ།
བཀའ་ལན། རྒྱ་ནག་གཞུང་གི་ཕྱོགས་ནས་བོད་ཀྱི་དཀའ་རྙོག་གོ་བསྡུར་བྱེད་རྒྱུ་གང་ཡང་མེད། ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཡིན་བརྗོད་ཀྱི་ཡོད། ང་ཚོའི་ངོས་ནས་ང་སྒེར་གྱི་གནད་དོན་གང་ཡང་ཤོད་དགོས་མེད། ད་ལྟ་བར་བཤད་པ་མེད་ལ་མ་འོངས་པར་ཡང་ཤོད་དགོས་དོན་གང་ཡང་མེད། ངོས་རང་སེམས་ཁྲལ་བྱེད་ས་ནི་བོད་མི་ས་ཡ་དྲུག་གི་གཞི་རྩའི་ཐོབ་ཐང་དང༌། ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་དཀའ་ངལ་སྐོར་ཤོད་ཀྱི་ཡོད། ནམ་ཞིག་ཀྲུང་དབྱང་ནས་ཤིན་ཅང་ལ་གནད་དོན་རྙོག་དྲ་ཡོད་པར་ངོས་འཛིན་གནང་བ་ཇི་བཞིན། བོད་ཀྱི་གནད་དོན་རྙོག་དྲ་ཡོད་པ་དེ་ཡང་ངོས་འཛིན་བྱས་ཏེ་དེ་ལུགས་ཀྱིས་སེལ་ཐབས་ཀྱི་འབད་བརྩོན་བྱས་པ་ཡིན་ན་ང་ཚོའི་བར་སྐད་ཆ་ཤོད་རྒྱུ་ཡོད། ངོང་རང་གི་ངོས་ནས་ཕྱར་བ་གྲུ་འདེགས་ཀྱིས་བརྟན་ལྷིང་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ཡོང་བ་ཞིག་བྱུང་ན་ང་ཚོའི་དམིགས་ཡུལ་གཅིག་པ་ཆགས་པ་རེད། དཔེར་ན་ལུང་པ་འཛུགས་སྐྲུན་དང་ཡར་རྒྱས་གཏོང་བའི་དམིགས་ཡུལ་གཅིག་པ་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བརྟན་ལྷིང་ནི་དྲག་ཤུགས་བེད་སྤྱོད་བྱས་ཏེ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། ང་ཚོའི་ངོས་ནས་བསམ་བློའི་ནང་ཡིད་ཆེས་ཡོད་པ་ཞིག་དང་འདོད་པ་ཁེངས་པ་ཞིག་གི་ཐོག་ནས་བརྟན་ལྷིང་ཡོང་བ་བྱེད་པ་འདི་ཡིན།

དྲི་བ་བཞི་པ། མ་འོངས་པར་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་ཁ་ཕྱོགས་གང་དུ་ཕྱིན་ཀྱང་རུང་། ད་ལྟ་རྒྱ་རིགས་དང་བོད་རིགས་མི་སེར་དཀྱུས་མའི་བར་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་དང་། བོད་མི་མང་པོ་ཞིག་གིས་གནད་དོན་དེ་ལས་སླ་པོའི་ཐོག་རྒྱ་རིགས་ཧན་གྱིས་བོད་དབང་བསྒྱུར་བྱས་པར་བསྙད་མོད། དོན་དངོས་ཐོག་ང་ཚོ་ཧན་མི་རིགས་རྣམས་ཀྱང་གཅིག་སྡུད་ཀྱི་སྲིད་དབང་འོག་སྡུག་བསྔལ་མྱོང་མཁན་གཅིག་མཚུངས་ཡིན། དེ་ལ་ཁྱེད་ཀྱི་དགོངས་ཚུལ་ཅི་འདྲ་ཡིན།
བཀའ་ལན། བོད་རྒྱའི་འབྲེལ་བ་ནི་ ༡༩༤༩ ། ༥༠ ལོར་གཞི་ནས་མགོ་ཚུགས་པ་ཞིག་མ་རེད། ལོ་ངོ་སྟོང་ལྷག་གི་རིང་འབྲེལ་བ་ཡོད་པ་རེད། སྐབས་རེར་འཆམ་མཐུན་ངང་གནས་པ་དང༌། ཡང་སྐབས་རེར་ཏོག་ཙམ་མ་འཆམ་པ་བྱུང་ཡོད། ད་ལྟའི་དུས་ཚོད་འདི་མ་འཆམ་པར་གནས་པའི་དུས་ཚོད་དེ་རེད། དེའི་རྩ་བ་གཞུང་གི་སྲིད་བྱུས་ལ་ཐུག་པ་ལས་མི་མང་བར་མ་མཐུན་པ་བྱུང་བས་མིན། དེར་བརྟེན་ང་ཚོ་མི་མང་དང་མི་མང་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་རང་དབང་ལུང་པའི་ནང་བོད་རྒྱ་མི་རིགས་ཡོད་སའི་ས་ཁུལ་ཁག་ལ་ང་ཚོས་བོད་རྒྱ་མཛའ་འབྲེལ་ཚོགས་པ་འཛུགས་དགོས་པའི་འབོད་སྐུལ་བྱེད་མུས་ཡིན་ལ་གྲུབ་འབྲས་ཀྱང་གང་འཚམ་ཐོན་ཡོད། དཀའ་ངལ་ངོ་མ་ནི་ཏིང་ཞོའོ་ཕིང་གིས་དངོས་ཐོག་བདེན་འཚོལ་ཞེས་བཤད་པ་དེ་ལག་ལེན་དངོས་ཀྱི་ཐོག་མི་འཁྱོལ་བ་དེ་ཡིན། ཧུའུ་ཡོ་པང་གིས་དངོས་ཡོད་གནས་ཚུལ་ཤེས་རྒྱུར་དོ་སྣང་ཆེན་པོ་གནང་ཡོད། ཉེ་ཆར་ཝུན་ཅཱ་པོའོ་ཡིས་ཧུའུ་ཡོ་པང་གི་ལས་ཀ་གནང་སྟངས་ལྟར་གཞུང་གི་ལས་བྱེད་པས་སྙན་ཞུ་གཅིག་པུར་ཆ་མ་བཞག་པར་ས་གནས་ས་ཐོག་ལ་ཕྱིན་ཏེ་མི་མང་ལ་ཐུག་ནས་གནས་ཚུལ་ཤེས་རྟོགས་བྱེད་དགོས་ཞེས་གསུངས་པ་དེ་དངོས་གནས་ཡག་པོ་རེད། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཕྱི་གསལ་ནང་གསལ་མ་བཟོས་པའི་ཉེར་ལེན་གྱིས་རྒྱ་ནག་ནང་ལ་སྐྱོན་ཆ་མང་པོ་ལྷག་ཡོད། ཕྱི་གསལ་ནང་གསལ་བཟོས་པ་ཡིན་ན་ལྐོག་ཟ་རུལ་སུངས་ཉུང་དུ་འགྲོ་བར་ཏན་ཏན་ཕན་གྱི་ རེད།

དྲི་བ་ལྔ་པ། ཁྱེད་ཀྱིས་ཐབས་ལམ་གང་ཞིག་གི་སྒོ་ནས་རྒྱ་བོད་མི་རིགས་བར་ཀྱི་མཛའ་བརྩེའི་འབྲེལ་བ་སྲུང་སྐྱོང་གནང་རྒྱུ་ཡིན་ནམ།
བཀའ་ལན། ངོས་རང་འཛམ་གླིང་གི་ས་ཕྱོགས་མང་པོར་སླེབས་དུས་ངོས་ནས་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་བཞག་སྟེ་འབྲེལ་བ་བྱེད་ཀྱི་ཡོད། འབྲེལ་བ་ཧ་ཅང་ལྷུག་པོ་ཡོང་གི་འདུག བོད་རྒྱ་མི་རིགས་གཉིས་ནི་མིའི་རིགས་གཅིག་གྱུར་ཙམ་དུ་མ་ཟད་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཀྱང་རེད། ང་ཚོ་ཕན་ཚུན་བར་ཁ་གསལ་གཏིང་གསལ་དང་འདྲ་མཉམ་བྱུང་ན་དཀའ་ངལ་ཚང་མ་སེལ་འགྲོ་གི་རེད། ངོས་ནས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་དང་ཡང་ཡང་ཐུག་གི་ཡོད། བསམ་པ་རྣམ་དག་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོང་གི་འདུག འོན་ཀྱང་གཅིག་གིས་གཅིག་ལ་རྣམ་རྟོག་གིས་བཟོས་པའི་དོགས་པ་དང་ཐེ་ཚོམ་ནི་རྙོག་དྲ་ཞིག་ཡིན། བོད་རྒྱ་མི་རིགས་ཙམ་མ་ཡིན་པར་འཛམ་གླིང་ས་ཕྱོགས་གང་སར་དེ་འདྲ་ཡོད། དེ་ནི་ངེས་པར་དུ་སེལ་དགོས་པའི་གནད་དོན་ཞིག་ཡིན། ངོས་རང་སླེབས་སའི་ས་གནས་གང་འདྲ་ཞིག་ཡིན་རུང་ང་ཚོ་མིའི་རིགས་གཅིག་མཚུངས་རེད། ཆོས་དང་རིག་གཞུང་སྐད་ཡིག་མི་འདྲ་བ་ནི་རིམ་པ་གཉིས་པ་རེད། གལ་ཆེ་ཤོས་ང་ཚོ་ཚང་མ་མིའི་རིགས་གཅིག་པ་རེད་ཅེས་རྟག་ཏུ་བརྗོད་ཀྱི་ཡོད། སྔ་མོ་ ༡༩༥༤ ། ༥༥ ལོར་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་དུས་མ་ཁེ་སི་རིང་ལུགས་ཀྱི་རྒྱལ་མཚམས་རིས་མེད་རིང་ལུགས་ཞེས་པའི་ཐོག་སྐད་ཆ་ཤོད་ཀྱི་ཡོད། དེར་ངོས་རང་ཧ་ཅང་དགའ་པོ་ཡོད།

དྲི་བ་དྲུག་པ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་། བོད་དུ་ཡོད་པའི་རྒྱ་རིགས་རྣམས་ཀྱི་ཁེ་དབང་ཇི་ལྟར་སྲུང་སྐྱོབ་བྱ་རྒྱུའི་སྐོར་འཁོད་མི་འདུག ད་ལྟ་བོད་ཁུལ་དུ་ཡོད་པའི་རྒྱ་རིགས་སྡོད་དམངས་རྣམས་རང་སྐྱོང་ཐོབ་རྗེས་མུ་མཐུད་གནས་སྡོད་བྱེད་རྒྱུར་ཁྱེད་ལ་མོས་མཐུན་ཡོད་དམ།
བཀའ་ལན། སྔ་མོ་ ༡༩༥༠ གོང་ནས་བོད་ནང་རྒྱ་རིགས་ཡོད། དཔེར་ན་ངོས་རང་སྐྱེ་སའི་ས་ཁུལ་ལ་མཚོན་ནའང་ཁ་ཆེའི་ཆོས་བྱེད་མཁན་དང་རྒྱ་རིགས་མང་པོ་ཡོད། མ་འོངས་པར་ཡིན་ནའང་རྒྱ་རིགས་ངེས་པར་དུ་ཡོད་དགོས་ཀྱི་རེད། ཡིན་ནའང་གནད་འགག་གཅིག་ནི་དཔེར་ན་ནང་སོག་ལྟ་བུར་ཆ་མཚོན་ན་སོག་པོའི་མི་རིགས་ནི་ཆེས་གྲངས་ཉུང་ཆགས་འདུག དེ་འདྲ་ཆགས་པ་ཡིན་ན་མི་རིགས་རང་སྐྱོང་གི་དགོས་དོན་མ་ཚང་བ་རེད། གཉིས་ནས་བོད་ནང་ཆ་བཞག་ན་གྲོང་འགའ་ཤས་ནང་རྒྱ་རིགས་ཧ་ཅང་ཕོན་ཆེ་ཡོད་པ་དང་བོད་རིགས་ཉུང་ཉུང་ཡིན་པ་དེ་ཚོའི་གྲས་ལ་རང་བཞིན་བོད་སྐད་རྒྱག་རྒྱུ་དང་བོད་པའི་གོམས་གཤིས་ཉམས་ཆག་འགྲོ་གི་འདུག གནད་དོན་དེའི་ཐད་བསམ་བློ་གཏོང་དགོས་པ་ལས་གཞན་རྒྱ་རིགས་གྲོགས་པོ་ཚོ་བདེ་སྐྱིད་ངང་སྡོད་ཐུབ་པ་ཞིག་ངེས་པར་དུ་དགོས། ང་ཚོ་ཚང་མ་མིའི་རིགས་གཅིག་མཚུངས་རེད།

དྲི་བ་བདུན་པ། སློབ་དཔོན་ཆེན་པོ་ཁྱེད་ཀྱིས་དེབ་ནང་སྔར་གྱི་བོད་དེ་ཞི་མཐུན་ཆོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞེས་བཀོད་གནང་བ་དང། རྒྱ་གཞུང་གིས་མུན་ནག་གི་ཞིང་བྲན་ཡུལ་ལུང་ཞིག་ཡིན་པར་བརྗོད་པ་དེ་གཉིས་ཧེ་བག་ཧ་ཅང་ཆེ་བར་མ་ཟད། འདྲ་པར་དང་བརྙན་འཕྲིན་ཐོག་ནས་སྔར་གྱི་ཞིང་བྲན་ལམ་ལུགས་དེ་གདུག་རྩུབ་དང་མུན་ནག་ཡིན་པའི་ར་སྤྲོད་མང་པོ་བྱས་ཡོད། དེ་འདྲའི་ཧེ་བག་ཡོང་དོན་སྐོར་འགྲེལ་བཤད་གནང་རོགས།
བཀའ་ལན། དེ་སྔའི་ ༡༩༥༠ གོང་གི་བོད་སྤྱིའི་ལམ་ལུགས་ཀྱི་ཆ་ནས་ཞིང་བྲན་ཚེ་གཡོག་རྗེས་ལུས་ཡིན་པ་བདེན་པ་རེད། སྔ་མོའི་བོད་ཡུལ་ལྷ་ཡུལ་ལྟ་བུ་རེད་ཟེར་མཁན་བོད་མི་སུ་གཅིག་ཡོད་ཀྱི་མ་རེད་ལ། ད་ལྟ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ནང་བོད་རྙིང་པ་བསྐྱར་གསོ་བྱེད་བསམ་པ་རྨི་ལམ་ཚུན་ཆད་ལ་ཡོད་ཀྱི་མ་རེད། ཡང་ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་དེ་སྔའི་བོད་དེ་དམྱལ་བ་ལྟ་བུ་རེད་ཅེས་བརྗོད་པ་ནི་ཧེ་བག་ཆེན་པོ་ཡོད། སྔ་མོའི་བོད་ཀྱི་ལོ་རྒྱུས་གློག་བརྙན་ ”སྐྱེས་མི་ཆོག་པའི་མི་དང་། ཞིང་བྲན་ (བྱམས་པའི་ལོ་རྒྱུས་)” འཁྲབ་སྟོན་སྐབས་ཧང་ཟོམ་ཆེ་དྲག་པས་ལྟད་མོ་ལྟ་མཁན་ཚོ་གད་མོ་ཤོར་བའི་གནས་ཚུལ་བྱུང་བ་ང་ལ་ཤོད་མཁན་བྱུང༌། དཔེར་ན་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རིག་གནས་གསར་བརྗེ་ཆེན་པོར་རྒྱལ་ཁ་ཆེན་པོ་ཐོབ་པ་བརྗོད་ཀྱི་ཡོད། རྗེས་སུ་དངོས་ཡོད་གནས་ཚུལ་གང་ཡིན་པ་གསལ་པོ་ཆགས་ཏེ་འགྱུར་བ་ཕྱིན་པ་ལས་སྐབས་དེའི་ཀྲུང་གོའི་ཤོད་རྒྱུན་ལ་ཧ་ཅང་སྐད་གྲགས་ཆེན་པོ་ཡིན་པ་ཤོད་ཀྱི་ཡོད། དཔེར་ན་ཐེན་ཨན་མེན་གྱི་དྲུག་བཞིའི་དོན་རྐྱེན་འཛམ་གླིང་ཐོག་ཡོངས་གྲགས་ཡིན་ཡང༌། ཀྲུང་གོས་ཧ་ལམ་མི་ཉུང་ཤས་ཀྱིས་བཟོས་པ་ལྟ་བུ་ཤོད་ཀྱི་ཡོད། དེར་བརྟེན་གལ་ཆེ་ཤོས་ཁྱེད་རང་ཚོ་རང་ཉིད་ནས་ཚན་རིག་དང་མཐུན་པའི་བློ་གཟུ་བོར་གནས་པའི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་བཤད་པར་ཆ་མ་བཞག་པར་སོ་སོས་ཞིབ་འཇུག་བྱེད་དགོས་ཞེས་ངོས་ཀྱིས་ནམ་རྒྱུན་བོད་པ་ཚོར་ཡང་ཤོད་ཀྱི་ཡོད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན་བཅོམ་ལྡན་འདས་ཀྱི་བཀའ་ལའང་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་པ་རེད།

དྲི་བ་བརྒྱད་པ། གལ་སྲིད་གཞུང་གི་ངོས་ནས་ཁྱེད་རང་བོད་དུ་ཕྱིར་ཕེབས་བཅུག་པ་དང་། བོད་རང་སྐྱོང་བྱེད་བཅུག་ན། ཁྱེད་རང་གི་ངོས་ནས་བོད་ལ་ཆབ་སྲིད་ཀྱི་ལམ་ལུགས་ཅི་འདྲ་ཞིག་ཡོང་བའི་རེ་བ་གནང་གི་ཡོད།
བཀའ་ལན། བོད་ནང་གི་བོད་རྒྱ་ཆེའི་མི་མང་དང་ལྷག་པར་དུ་ཤེས་ཡོན་ཅན་དངོས་ཐོག་བདེན་འཚོལ་བྱེད་མཁན་ཚོས་མང་མོས་ཐག་གཅོད་བྱེད་རྒྱུ་རེད། ང་ཚོ་བཙན་བྱོལ་ལ་ཆ་མཚོན་ན་འདས་པའི་ལོ་ལྔ་བཅུའི་རིང་གི་ང་ཚོའི་སྒྲིག་འཛུགས་འདི་དམངས་གཙོའི་ཐོག་འགྲོ་གི་ཡོད།

དྲི་བ་དགུ་པ། དྲི་བ་འདི་རྣོ་ངར་ལྡན་པ་ཞིག་ཡིན། ངས་ཏཱ་ལའི་བླ་མར་བཀའ་འདྲི་ཞུ་རྒྱུར། རྒྱ་ནག་གཞུང་གིས་ཁྱེད་ལ་སྐྱོན་བརྗོད་ཆེ་ཤོས་ཤིག་ནི་ཁྱེད་ཀྱིས་བོད་ལ་དམག་དཔུང་མི་སྡོད་པའི་དགོས་འདུན་བཏོན་པ་དང་། དེ་ནི་རྣམ་པ་འགྱུར་བའི་རང་བཙན་གྱི་རྩ་བ་ཡིན་ཟེར། ད་དུང་བོད་ལ་དམག་དཔུང་མི་སྡོད་པའི་དགོས་འདུན་རྒྱུན་འཁྱོངས་གནང་གི་ཡོད་དམ།
བཀའ་ལན། ནང་རང་སྐྱོང་དང་ཕྱི་འབྲེལ་དང་རྒྱལ་སྲུང་གི་ལས་ཀ་དབུས་གཞུང་གིས་བྱེད་ཀྱི་རེད་ཅེས་ངོས་ནས་ག་དུས་ཡིན་ཡང་གསལ་པོར་ཤོད་ཀྱི་ཡོད། ངོས་ནས་དེ་སྔོན་དེ་ལྟ་བུའི་རེ་འདུན་བཏོན་པ་ཡིན། དེ་ནི་མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་པོ་སོགས་མཛའ་མཐུན་ཡིད་ཆེས་ཀྱི་ཐོག་གནས་ནས་བོད་ཀྱི་ས་ཁུལ་འདི་བཞིན་རིམ་པས་ཞི་བདེའི་བསྟི་གནས་ཤིག་བསྐྲུན་ཐུབ་ན་སྙམ་པ་ངའི་རྨི་ལམ་ཡིན། བོད་ཙམ་མ་ཡིན་པར་འཛམ་གླིང་ཡོངས་སུ་མ་འོངས་པར་དམག་དཔུང་མེད་པའི་འཛམ་བུའི་གླིང་ཞིག་བཟོ་དགོས་ཞེས་ངོས་ནས་རྟག་ཏུ་བརྗོད་ཀྱི་ཡོད། གནད་དོན་དེར་འདྲོག་འགོ་ལངས་པ་དང་སེམས་ཁྲལ་བྱེད་དགོས་དོན་རྩ་བ་ནས་མེད།

དྲི་བ་བཅུ་པ། ད་ལྟའི་གནས་བབ་ཀྱི་ཐོག་ནས་བལྟས་ན། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚེའི་རིང་བོད་ཀྱི་གནད་དོན་ཞི་བས་ཐག་གཅོད་ཐུབ་རྒྱུ་ཀླད་ཀོར་རེད། དེས་ན་སྐུ་ཉིད་ཀྱིས་བོད་ཀྱི་མ་འོངས་པར་གཟིགས་ཚུལ་ཅི་འདྲ་ཞིག་ཡོད།
བཀའ་ལན། ངོས་ནས་ཀྲུང་གོ་བཙུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་འདས་པའི་ལོ་རྒྱུས་ལ་ཕྱོགས་བསྡོམས་བྱེད་ཀྱི་ཡོད། དེ་ནི་མའོ་ཡི་དུས་རབས་དང་། ཏིང་གི་དུས་རབས། ཅང་གི་དུས་རབས། ཝུའུ་ཡི་དུས་རབས་བཅས་ཡིན། དེ་དག་ནང་དངོས་ཡོད་གནས་ཚུལ་ལ་གཞིག་ནས་འགྱུར་བ་མང་པོ་ཕྱིན་འདུག དེ་འདྲ་ཡིན་དུས་མི་རིགས་ཀྱི་སྲིད་བྱུས་ལ་ཡང་འགྱུར་བ་ཏན་ཏན་འགྲོ་གི་རེད་བསམ་གྱི་འདུག་ལ། འགྱུར་བ་འགྲོ་དགོས་པའང་རེད། དེ་འདྲ་ཡིན་དུས་ངོས་ནས་བོད་ཀྱི་གནད་དོན་དེ་གཉིས་མོས་ཀྱི་ཐོག་ནས་འགྲིག་མཐུན་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་མི་སྲིད་པ་མ་རེད་ལ། གཉིས་ནས་དུས་ཚོད་ཀྱང་རིང་པོ་འགོར་གྱི་རེད་བསམ་གྱི་མེད། དེ་སྔ་བོད་ལ་ལས་ཀ་བྱེད་མྱོང་མཁན་ད་ལྟ་རྒས་ཡོལ་ཞུས་ཟིན་པ་དང་། དེ་བཞིན་དེང་སང་གི་རྒྱ་རིགས་ཤེས་ཡོན་ཅན་མང་པོ་ཞིག་གིས་ད་ལྟའི་མི་རིགས་སྲིད་བྱུས་འདི་རན་གྱི་མེད་པས་བསྐྱར་ཞིབ་བྱེད་དགོས་ཞེས་རེ་འདུན་འདོན་གྱི་ཡོད། དེ་འདྲ་ཡིན་དུས་དུས་ཚོད་རིང་པོ་མི་འགོར་བར་ཐག་གཅོད་ཡོང་གི་རེད་བསམ་གྱི་འདུག

(གནས་ཚུལ་འབྱུང་ཁུངས། ༧སྐུ་སྒེར་ཡིག་ཚང་གི་དྲ་ཚིགསཉwww.gyalwarinpoche.com)

༧གོང་ས་མཆོག་ཨ་མི་རི་ཀའི་མངའ་སྡེ་ཁག་ལྔའི་ནང་གི་ཆིབས་བསྒྱུར་ལེགས་གྲུབ་བྱུང་བའི་གནས་ཚུལ་ཕྱོགས་བསྡུས།

༄༅༎༧གོང་ས་མཆོག་ནས་ཟླ་༥ཚེས་༡༡ ནས་༢༤ བར་ཨ་མི་རི་ཀའི་མངའ་སྡེ་ཨིན་ཌི་ཡ་ན་དང༌། མི་ནི་སོ་ཀྲ།ལྦི་སི་ཀོན་སིན། ཨ་ཡོ་ལྦ། ནིའུ་ཡོག་བཅས་ནང་ཁོང་ཉིད་ཀྱི་འགན་ཁུར་གསུམ་མམ་ལྷག་བསམ་སེམས་སྐྱེད་གསུམ་དང་འབྲེལ་བའི་མཛད་འཆར་ཁག་ལེགས་གྲུབ་བྱུང་ནས་ཚེས་༢༤ ཉིན་རྒྱབ་རྒྱ་གར་ཕྱོགས་སུ་ཕྱིར་ཕེབས་གནང་བ་རེད་།

༧གོང་ས་མཆོག་གི་འགན་ཁུར་གསུམ་ནི་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དང་། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེ་ཡིན།

ཚེས་༡༡ ཉིན་ ༧གོང་ས་མཆོག་རྒྱ་གར་ནས་ཡོ་རོབ་བརྒྱུད་་ཐོག་མར་ཨ་རིའི་གྲོང་ཁྱེར་ཆི་ཁ་སྒོའི་གནམ་ཐང་དུ་ ༧ཞབས་སོར་འཁོད་གནང་མཛད་སྐབས་བོད་གཞུང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ངོ་བློ་བཟང་སྙན་གྲགས་ལགས་དང་ས་གནས་བོད་མིའི་ཚོགས་གཙོ་བཅས་ཕེབས་བསུར་བཅར་་གནང་ཡོད་། ཉིན་རྒྱབ་ཏུ་ཨིན་ཌི་ཡ་ནའི་གྲོང་ཁྱེར་སྦུ་ལི་མིང་ཊོན་དུ་༧ཞབས་སོར་འཁོད་སྐབས་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་དང་སྐུ་འབུམ་བྱམས་བརྩེ་གླིང་གི་དབུ་འཛིན་ཨ་ཀྱ་རིན་པོ་ཆེ་གཙོས་ཆོས་ཚོགས་ཀྱི་ལས་སྣེ་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཞུ།

སྐུ་འབུམ་བྱམས་བརྩེ་གླིང་དུ་༧ཞབས་སོར་འཁོད་སྐབས་ས་གནས་བོད་སོག་མང་ཚོགས་ནས་སེར་བང་སྒྲིག་པ་དང་ཆི་ཁ་སྒོ་བོད་མིའི་ཁོངས་ནས་བོད་པའི་སློབ་ཕྲུག་ཚོས་བཀྲིས་ཞོལ་པའི་གར་གྱི་་འཁྲབ་སྟོན་ཕུལ་བའི་ཐོག་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས།

བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ལྟེ་གནས་ཁང་དང་སྐུ་འབུམ་བྱམས་བརྩེ་གླིང་ནས་གསོལ་འདེབས་ཞུས་པ་བཞིན་ཕྱི་ཚེས་ ༡༢ ནས་ ༡༣ བར་ཨིན་ཌི་ཡ་ན་མཐོ་སློབ་ཁང་གི་ཚོགས་ཁང་ནང་ཤེས་རབ་སྙིང་པོའ་ི་གསུང་ཁྲིད་གནང་།

ཚེས་༡༢ ཉིན་རྒྱབ་་༧གོང་ས་མཆོག་ནས་འཇོར་དྲན་གྱི་རྒྱལ་སྲས་ག་ཛི་ སྦིན་ མོཧ་མཏ་མཆོག་དང་དེ་སྔ་མཇལ་འཕྲད་གནང་བའི་བརྒྱུད་རིམ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་བྱེད་ཕྱོགས་སྐོར་བཀའ་མོལ་བྱུང་བ་ནས་ལུང་འདྲེན་གནང་བའི་ཕྱག་དེབ་ཅིག་ཞལ་འབྱེད་གནང་།

ཕྱག་དེབ་དབུ་འབྱེད་མཛད་སྒོར་རྒྱལ་སྲས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་བའི་ནང་། ད་རེས་དེབ་འདི་༧གོང་ས་མཆོག་གིས་དབུ་འབྱེད་གནང་བར་ཧ་ཅང་དགའ་པོ་བྱུང་། དེ་ནི་ཆོས་ལུགས་ཕན་ཚུན་དབར་དང་ལྷག་པར་དུ་ནང་པ་དང་། ཁ་ཆེའི་དབར་བྱམས་བརྩེ་དང་། ཕན་ཚུན་གོ་རྟོགས་སྤེལ་ཐབས་སུ་དམིགས་པ་ཞིག་ཡིན་ཞེས་གསུངས། དགོང་ས་མཆོག་གི་བཀའ་སློབ་ནང་། དེ་སྔ་བོད་ནང་དུས་འགྱུར་མ་བྱུང་བའི་གོང་། ཁ་ཆེ་བ་ཉུང་ཤས་ཤིག་ལས་མེད་ཀྱང་བོད་པའི་ནང་པ་ཚོ་དང་། ཧ་ཅང་མཛའ་མཐུན་གྱི་ངང་འཚོ་བ་སྐྱེལ་ཡོད་པ་གསུངས། གང་ལྟར་ཁ་ཆེའི་ཆོས་བྱེད་པའི་མིང་འཁྱེར་ནས་འཛམ་གླིང་ནང་། ཟིང་ཆ་སློང་མཁན་ཉུང་ཤས་ཤིག་ལ་དཔེ་བཞག་ནས་ཁ་ཆེ་བ་ཚང་མའི་ཐོག་མིང་ངན་པ་བཟོ་རྒྱུ་དེ་ནི་ནོར་འཁྲུལ་ཡིན་པ་དང་། ཆོས་ལུགས་གཞན་དང་འདྲ་མཚུངས་ཁ་ཆེའི་ཆོས་ནང་དུའང་ཚང་མར་བྱམས་དང་སྙིང་རྗེ། གཞན་ཕན་གྱི་བསམ་བློ་གཏོང་དགོས་པ་གལ་ཆེན་པོར་གསུང་ཡོད་རེད་ལ་དུས་རྒྱུན་ནས་ཆོས་ལུགས་ཕན་ཚུན་དབར་གོ་རྟོགས་སྤེལ་རེས་དང་། གུས་བརྩི་ཞུ་དགོས་རྒྱུའི་ལམ་སྟོན་གནང་བཞིན་ཡོད་པ་སོགས་བཀའ་གནང་།

ཚེས་༡༣ ཉིན་གསུང་ཆོས་གྲུབ་མཚམས་ཨ་ཀྱ་རིན་པོ་ཆེ་མཆོག་ནས་མང་ཚོགས་མདུན་༧གོང་ས་མཆོག་ལ་གསུང་ཆོས་ནས་དངུལ་ལྷག་མ་རྣམས་འགྲོ་ཁུངས་ཁག་བཞིར་གཏོང་འཆར་ཡོད་པའི་སྐྲོར་སྙན་སེང་ཞུས། དེ་ནི། ༡༽༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཆོས་ཚོགས་སུ་རིགས་ལམ་སློབ་སྦྱོང་གོ་སྐབས་བཟོ་ཆེད་ལས་འགུལ་དང་། ༢༽སོག་ཡུལ་དུ་སྐྲན་་ནད་ཀྱི་སྨན་ཁང་ཞིག་ལ་རོགས་རམ་ལས་འགུལ། ༣༽བོད་ཀྱི་སྒ་སྐྱེ་རྒུ་མདོར་ས་འགུལ་རྐྱེན་དཀའ་ངལ་བྱུང་བ་ཚོའི་ཆེད་དང་། ༤༽ཨིན་ཌི་ཡ་ན་ཆོས་ལུགས་ཚོའི་བཀྲེས་སྐོམ་ལས་འགུལ་ཟེར་བའི་མངའ་སྡེའི་ཡུལ་མི་དབུལ་པོ་ཚོར་རོགས་རམ་ལས་འགུལ་བཅས་ཡིན།

གསུང་ཆོས་ཆེད་དངུལ་བྱུང་བ་བསྡོམས་ཨ་སྒོར་༤༦༨༩༢༤ དང་འགྲོ་སོང་ཕྱིན་པ་བསྡོམས་ཨ་སྒོར་༣༣༥༠༣༥ ཡིན་འདུག་པས་བྱུང་སོང་ཁ་ཐམ་ནས་དངུལ་ལྷག་ནི་ཨ་སྒོར་༡༣༣༨༨༩ ཡིན་པ་ཆོས་ཚོགས་ཀྱི་དངུལ་གཉེར་ནས་སྙན་སྒྲོན་ཞུས་སོང་།

ཚེས་༡༤ ཉིན་༧གོང་ས་མཆོག་གིས་ཨིན་ཌི་ཡ་ན་མངའ་སྡེའི་རྒྱལ་ས་ཨིན་ཌི་ཡ་ན་པོ་ལི་སི་ནང་མི་མང་ལ་མིའི་མི་ཚེ་དེ་དྲང་བདེན་གྱི་ཐོག་ནས་སྐྱེལ་དགོས་པའི་བཀའ་སློབ་བསྩལ་གནང་མཛད་། བཀའ་སློབ་དེར་མི་་ཁྲི་གཅིག་ཙམ་ཕེབས་ཡོད་།

ཚེས་༡༤ ཉིན་༧གོང་ས་མཆོག་ཨིན་ཌི་ཡ་ནས་མི་ཎི་སོ་ཊའི་གྲོང་ཁྱེར་རོ་ཆེ་སི་ཊར་རུ་ཆིབས་བསྒྱུར་གནང་ནས་སྐུ་གཟུཌ་

ལ་ཐུགས་ཞིབ་གནང་བས་སྨན་པ་ཁག་ནས་སྐུ་དཀྱིལ་གསལ་ཐང་ཡིན་འདུག་པའི་སྐོར་ཞུས་འདུག རོ་ཆེ་སི་ཊར་རུ་མི་ནིསོ་ཊའི་བོད་རིགས་ཚོགས་གཙོ་དང་མི་མང་༡༠༠ ལྷག་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་སོང་།

ཚེས་༡༥ ཉིན་༧གོང་ས་མཆོག་རོ་ཆེ་སི་ཊར་ནས་་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སེན་ལ་ཆིབས་བསྒྱུར་མཛད་། གནམ་ཐང་དུ་རི་གས་གླིང་ཆོས་ཚོགས་ཀྱི་དགེ་གཤེས་ཟོད་པ་ལགས། ཨ་རིའི་མཚན་སྙན་གྲགས་ཆེ་བའི་སེམས་ཁམས་རིག་པའི་ཚན་རིག་པ་རི་ཆ་དྲི་ཌེ་ལྦི་ཌི་སེན་དང་། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་ནས་ཕེབས་བསུ་ཞུས་གནང་། བཞུགས་གནས་མདུན་ཝི་སི་ཀོན་སིན་དང་མི་ཎི་སོ་ཊ་སོགས་ནས་བོད་མི་ཚོས་སེར་འབངས་སྒྲིག་པ་དང་། མེ་ཌི་སོན་བོད་མི་ཚོས་བཀྲིས་ཞོལ་པ་དང་དགའ་བསུའི་གཞས་སོགས་ཐོག་ནས་ཕེབས་བསུ་ཞུས།

ཚེས་༡༦ཞོགས་པར་༧གོང་ས་མཆོག་ནས་ཚན་རིག་པ་ཁག་གཅིག་ནས་སེམས་ཁམས་རིག་པ་དང་འབྲེལ་བའི་ཞིབ་མཇུག་གི་གྲུབ་འབྲས་ལ་གསན་ཞེས་གནང་བ་དང་ཁོང་རྣམས་ལ་དེ་ཐོག་དགོངས་ཚུལ་བརྗེ་ལེན་ཡང་གནང་།

ཉིན་གུང་དུ་༧གོང་ས་མཆོག་ནས་མེ་ཌི་སོན་དུ་ཡོད་པའི་ཝི་སི་ཀོན་སིན་མཐོ་སློབ་ཀྱི་གཙོ་འཛིན་གྱི་གཟིམ་ཤག་ཏུ་སྣེ་ལེན་ཞིག་ཏུ་ཕེབས་སྐབས་མངའ་སྡེའི་སྲིད་སྐྱོང་ཇིམ་ཌོཡེལ་ནས་ཕེབས་བསུ་ཞུས།

ཉིན་རྒྱབ་ཏུ་ས་གནས་ཝི་སི་ཀོན་སིན་དང་མི་ནི་སོ་ཊ་ ཆི་ཁ་སྒོ་བཅས་ནང་གནས་སྡོད་བོད་མི་ཆིག་སྟོང་ལྷག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་། ༧གོང་ས་མཆོག་ནས་བཀའ་སློབ་དབུ་འཛུགས་མ་གནང་གོང་བོད་རིགས་ཚོགས་པའི་ལས་བསྡོམས་ནང་གསལ་བའི་ས་གནས་ཀྱི་བྱས་རྗེས་ཅན་སློབ་མ་བུ་བསྟན་འཛིན་བསོད་ནམས་དང་བུ་མོ་བསྟན་འཛིན་ཡིད་དགའ་གཉིས་སུ་ཡིན་མིན་སྐོར་བཀའ་རྩད་གནང་ནས་ཁོང་གཉིས་ལ་སྔགས་བརྗོད་གནང་། བཀའ་སློབ་ནང་་༧གོང་ས་མཆོག་ནས་གངས་ཅན་པ་ཞེས་འབོད་པའི་བོད་མི་ཚོ་ནི་ས་ཁམས་ཀྱི་ཆ་ནས་འཛམ་གླིང་གི་ཡངས་སྟེང་དུ་གནས་ཡོད་པ་མ་ཟད་ ཤར་ཕྱོགས་ཡུལ་ཁག་གི་ཆུ་མགོ་གནས་ཡུལ་དང་ རིག་གཞུང་ཐོག་ནས་ནང་ཆོས་ཀྱི་རྩ་བ་ལྟ་བུར་གནས་ཡོད་པ་སོགས་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། རྒྱ་མིའི་མཁས་དབང་ཁག་ཅིག་གིས་ཀྱང་བོད་མིའི་ཆོས་དང་རིག་གཞུང་གི་སྙིང་པོ་དེས་རྒྱ་ནག་གི་སྤྱི་ཚོགས་ཡར་རྒྱས་གཏང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་པའི་ཁར་ དེང་སྐབས་འཛམ་གླིང་སྤྱིའི་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ཡོང་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པ་དེར་ངོས་འཛིན་གསར་པ་ཞིག་སླེབས་ནས་ དེར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་བོད་ཀྱི་ཆོས་དང་སྐད་ཡིག་གིས་དེ་ཚོ་ཟུར་བཏོན་བྱེད་ཐུབ་ཀྱི་ཡོད་པ་དེ་ནི་གཟི་བརྗིད་ཡིན་པ་བཀའ་བསྩལ་གནང་།  ཡང་༧གོང་ས་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོས་བོད་ཡིག་དང་ཆོས་ལུགས་སྦྱང་བསྩོན་བྱ་རྒྱུ་དེ་ཡང་ཧ་ཅང་གལ་ཆེ་ཡིན་པ་བཀའ་བསྩལ། ལྷག་པར་དུ་ནང་ཆོས་ཀྱི་སྙིང་པོ་ཕན་ཚུན་བགྲོ་གླེང་སོགས་ཀྱི་ཐོག་ནས་སྦྱང་བརྩོན་བྱ་དགོས་རྒྱུ་བཀའ་སློབ་བསྩལ།

དེ་བཞིན་༧གོང་ས་མཆོག་ནས་རྒྱ་ནག་ནང་འཕེལ་རྒྱས་ཀྱི་གནད་དོན་སྐོར་ལ་བཀའ་བསྩལ་བའི་ནང་ རྒྱ་ནག་གི་ལམ་ལུགས་ལ་འགྱུར་ལྡོག་ཤིག་ངེས་པར་དུ་འགྲོ་སྲིད་པ་དང་ རྒྱ་ནག་ནང་གི་ཤེས་ལྡན་མི་སྣ་མང་པོས་དེང་སྐབས་བོད་ཀྱི་གནས་སྟངས་ཐོག་དོ་སྣང་དང་སེམས་འཚབ་བྱེད་ཀྱི་ཡོད་ཤིང་། ༢༠༠༨ ལོ་ནས་བཟུང་ད་བར་རྒྱ་ཡིག་ཐོག་བོད་དོན་སྐོར་གྱི་བཟང་ཕྱོགས་ཀྱི་ཆེད་རྩོམ་༩༠༠ལྷག་འགྲེམས་སྤེལ་བྱས་ཡོད་སྐོར་གསུངས། བོད་རྒྱའི་དཀའ་རྙོག་དེ་ངེས་པར་དུ་སེལ་ཐུབ་རྒྱུར་༧གོང་ས་མཆོག་ནས་ཐུགས་ཡིད་ཆེས་གནང་གི་ཡོད་པས་ དཀའ་རྙོག་དེ་མགྱོགས་མྱུར་སེལ་ཐབས་སླད་རྒྱ་རིགས་མི་མང་ཚོ་དང་འབྲེལ་བ་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཆགས་ཡོད་པའི་སྐོར་བཀའ་བསྩལ་གནང་།

༧གོང་ས་མཆོག་ནས་མང་ཚོགས་ལ་ཉིན་འགའ་སྔོན་སྐུ་གཟུགས་ལ་སྨན་པས་ཐུགས་ཞིབ་གནང་ནས་སྐུ་དཀྱིལ་གསལ་ཐང་ཡིན་བ་བརྗོད་བྱུང་ཞེས་གསུངས་སྐབས་དེར་ཡོད་ཚང་མས་སྐད་བཤུགས་ཆེན་པོའི་ཐོག་ནས་དགའ་བསུའི་ཐལ་སྒྲ་སྒྲོག་གནང་སོང་།

བོད་མིར་བཀའ་སློབ་གནང་རྗེས་༧གོང་ས་མཆོག་གིས་སེམས་ཁམས་རིག་པའི་ཚན་རིག་པ་རི་ཆ་དྲི་ཌེ་ལྦི་ཌི་སེན་གྱི་ལྷན་དུ་ སེམས་བདེ་ཐད་ལ་དཔྱད་པ་ཞེས་པའི་དཔྱད་གཞིའི་བགྲོ་གླེང་ནང་བཞུགས་ཡོད་པ་དང་ དེར་༧གོང་ས་མཆོག་གི་བཀའ་སློབ་ཞུ་བར་མང་ཚོགས་ཆེས་མང་པོ་ཞིག་ཕེབས་འདུག

བགྲོ་གླེང་ཐོག་མར་ལྦི་སི་ཀོན་སིན་མངའ་སྡེའི་སྲིད་སྐྱོང་ཇིམ་ཌོ་ཡེལ་ནས་ངོ་སྤྲོད་གསུང་བཤད་གནང་བཞིན། ཁོང་ནས་༧གོང་ས་མཆོག་ནི་ལྦི་སི་ཀོན་སིན་མངའ་སྡེའི་གྲོགས་པོ་བཟང་པོ་ཞིག་ཡིན་པ་ངོ་སྤྲོད་གནང་། དེ་ནས་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ ཚན་རིག་པ་རི་ཆ་དྲི་ཌེ་ལྦི་ཌི་སེན་གྱི་ཞིབ་མཇུག་གི་ལས་འཆར་དེ་ནི་ མངའ་སྡེ་དེའི་ནང་ལས་འཁུར་ཞུས་པའི་ ཞིབ་མཇུག་གི་ལས་དོན་ཁག་གིས་ འབྱུང་འགྱུར་འཛམ་གླིང་སྤྱི་ལ་ཕན་ནུས་སྤྲོད་ཐུབ་པའི་ཞབས་འདེགས་སྒྲུབ་བཞིན་པའི་དཔེ་མཚོན་གསལ་པོ་ཞིག་ཡིན་པ་ངོ་སྤྲོད་གནང་། ༧གོང་ས་མཆོག་གིས་བགྲོ་གླེང་ནང་ནང་ཆོས་ལས་ནང་བསམ་པའི་བློ་དེར་ཞི་བདེ་བསྐྲུན་ཐུབ་པ་ཡིན་ན་དེས་རང་བཞིན་གྱིས་ ཕྱིའི་ཀུན་སྤྱོད་དང་རང་གི་གཟུགས་གཞིའི་འཕྲོད་བསྟེན་ལའང་ཕན་ཐོག་ངེས་ཅན་ཞིག་ཡོང་རྒྱུའི་སྐོར་གསུངས། ཚན་རིག་པ་རི་ཆ་དྲི་ཌེ་ལྦི་ཌི་སེན་ཡིས་ ཚན་རིག་གི་ལམ་ནས་ཉམས་ཞིབ་བྱས་པའི་མཇུག་འབྲས་སུའང་ ༧གོང་ས་མཆོག་གི་བཀའ་གནང་བ་ལྟར་སྤྱི་མཚུངས་ངོ་སྤྲོད་ཡོང་གི་ཡོད་པའི་ཉམས་ཞིབ་ཀྱི་དཔེ་མཚོན་ཁག་ཅིག་ངོ་སྤྲོད་གནང་འདུག

ཚེས་༡༧ ཞོགས་པ་༧གོང་ས་མཆོག་མེ་ཌི་སོན་ནས་ཨ་ཡོ་ལྦ་མངའ་སྡེའི་གྲོང་ཁྱེར་སི་ཌར་ཕོལ་སི་རུ་ཞབས་སོར་འཁོད་གནང་ཞིང་། མགྲོན་ཁང་དུ་ས་ཁུལ་གྱི་མཐོ་སློབ་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་བདུན་ལ་མཇལ་ཁ་གནང་། ཉིན་རྒྱབ་ཏུ་ཐོག་མར་རྒྱ་རིགས་ཁག་གཅིག་དང་མཇལ་ཕྲད་ཀྱིས་བོད་སྐོར་དགོངས་ཚུལ་བརྗེད་ལེན་གནང་། ༧གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་བར་ལྷག་བསམ་རྣམ་དགས་ཀྱི་བསམ་བློ་དགོས་ཀྱི་ཡོད་པའི་སྐོར་གསུངས་གནང་།

དེ་རྗེས་༧གོང་ས་མཆོག་ནས་ བྱང་ཨ་ཡོ་ལྦ་མཐོ་སློབ་ཀྱི་གཙོ་འཛིན་སྦེ་ཇ་མན་ཨེ་ལེཎ་དང་མཇལ་ཕྲད་གནང་བ་དང་། བོད་པའི་དགེ་འདུན་འགའ་ཞིག་ནས་མཐོ་སློབ་ཏུ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བཞེངས་གནང་ཡོད་པར་རབ་གནས་གནང་།

ཚེས་༡༨ ཞོགས་པར་༧གོང་ས་མཆོག་ནས་རྒྱ་སྐད་གསར་འགྱུར་བརྒྱུད་ལམ་དོ་ཝེ་ཡིས་བཅར་དྲི་ཞུ་རྒྱུའི་གོ་སྐབས་གནང་། བཅར་དྲི་ཞུ་མཁན་ནི་དོ་ཝེ་ཡི་གཙོ་འཛིན་ཡུ་པིན་ཧེ་ཡིན་ཞིང་། ༧གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་དང་། བོད་རྒྱ་འབྲེལ་མོལ་དེ་མདུན་བསྐྱོད་ཡོང་ཆེད་ག་རེ་དགོས་མིན་ཐོག་བཀའ་ལན་གནང་།

དེ་ནས་༧གོང་ས་མཆོག་བྱང་ཨ་ཡོ་ཝ་མཐོ་སློབ་ཀྱི་བརྩེད་ཁང་ནང་འཚེ་མེད་ཞི་བའི་འཛམ་གླིང་ཞིག་འབྱུང་ཐབས་སུ་ཤེས་ཡོན་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པ་གཞན་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཞིག་ནང་མཉམ་ཞུགས་གནང་། འགྲོ་བ་མིའི་རྒྱུད་ལ་བཟང་སྤྱོད་འཇགས་ཐབས་དང་། མི་སྒེར་སོ་སོའི་སེམས་དུལ་ན། ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ་བཅས་ནང་ཞི་དུལ་དང་ཞི་བདེ་འགྲུབ་ནུས་པ་སོགས་ཀྱི་ཟབ་ཞི་སྤྲོས་བྲལ་གྱི་བཀའ་སློབ་བསྩལ་གནང་།

ཉིན་རྒྱབ་ཏུ་ཚོགས་ཁང་དེ་ག་རང་དུ་མང་ཚོགས་ལ་ཤེས་ཡོན་གྱི་ནུས་པ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་། དེར་མང་ཚོགས་དྲུག་སྟོང་བརྒལ་བ་བཅར་ཡོད་འདུག ཐོག་མར་མཐོ་སློབ་ཀྱི་གཙོ་འཛིན་དང་ལས་རོགས་ནས་༧གོང་ས་མཆོག་གིས་འགྲོ་བ་མིའི་རིན་ཐང་གཙིགས་ཆེར་འཛིན་ཏེ་གོང་འཕེལ་གཏོང་ཐབས་ཀྱི་མཛད་འཕྲིན་ལ་ཆེ་སྟོད་ཀྱི་སློབ་མ་མཐར་ཕྱིན་པའི་མཚན་གནས་ཞིག་ཕུལ། མཐོ་སློབ་ཀྱི་ཚོགས་གཙོ་གཞོན་པ་གོལོ་རི་ཡ་ཇེ་གིབ་སོན་གྱིས་༧གོང་ས་མཆོག་ངོ་སྤྲོད་གསུང་བཤད་ནང་། ༧གོང་ས་མཆོག་གིས་འདས་པའི་དུས་ཡུན་རིང་རྒྱལ་ཁབ་༦༢    ལ་ཆིབས་སྒྱུར་བསྐྱངས་ནས་དབུ་ཁྲིད་མི་སྣ་ཁག་མཇལ་འཕྲད་དང་མི་མང་ལ་བཀའ་སློབ་ཟབ་མོ་བསྩལ་ཡོད་པ་མ་ཟད། ད་བར་གཟེངས་རྟགས་འདྲ་མིན་གྲངས་༨༤དང་། དེབ་གྲངས་༧༢ཙམ་རྩོམ་བྲིས་གནང་བའི་མཛད་པའི་སྐོར་ངོ་སྤྲོད་གནང་།

བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས་མགོན་པོ་གང་གི་འགན་ཁུར་གཉིས་༼འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་།༽སྐོར་འགྲེལ་བརྗོད་གནང་།

ཚེས་༡༩ཞོགས་པར་༧གོང་ས་མཆོག་ནས་ཨ་ཡོ་ལྦ་མངའ་སྡེའི་ནང་མཛད་འཕྲིན་ཁག་གྲུབ་རྗེས་ཨ་རི་ཤར་ཕྱོགས་གྲོང་ཁྱེར་ནིའུ་ཡོག་ལ་ཞབས་སོར་འཁོད་གནང་། གནམ་ཐང་དུ་ཀུན་ཁྱབ་ཐར་འདོད་གླིང་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་ར་སྟོད་སྐྱོང་ལ་རིན་པོ་ཆེ་དང་རི་ཆར་ཌི་སྒེར་་། དེ་བཞིན་བོད་ཀྱི་དོན་གཅོད་ཁང་གི་ཚེ་དབང་ཕུན་ཚོགས་ལགས་བཅས་ཕེབས་བསུར་ཕེབས།

༧གོང་ས་མཆོག་ནས་མགྲོན་ཁང་ནང་ཞབས་སོར་འཁོད་མ་ཐག་ནིའུ་ཡོག་གྲོང་ཁྱེར་ལ་ཡོད་པའི་སྒ་སྐྱེ་རྒུ་མདོ་ས་་ཁུལ་ནས་ཡིན་པའི་བོད་མི་རྣམས་ལ་མཇལ་ཁ་གནང་།

༧གོང་ས་མཆོག་གིས་ ཁོང་རྣམས་ལ་ད་རེས་ས་ཡོམ་གྱི་གོད་ཆགས་དེའི་ནང་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་གསན་མ་ཐག་ཆོས་དགོངས་པ་གང་འདྲ་བྱུང་བ་དང་། དེ་བཞིན་ཆོས་ཕྱོགས་ཀྱི་བྱ་བ་གང་སྤེལ་བའི་སྐོར་བཀའ་གནང་། ༧གོང་ས་མཆོག་ནས་ཕྱོགས་གཅིག་ནས་གནས་སྟངས་དེ་སྐྱོ་གནས་ཆེན་པོ་ཞིག་ཡིན་ནའང་ ཚེ་འདས་འགྱུར་བ་དང་གོད་ཆགས་ཕོག་པ་རྣམས་ལ་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཡོངས་ཀྱི་ཐུགས་སྨོན་བྱུང་ཡོད་པ་དེ་ཡང་བསྐལ་པ་བཟང་པོ་ཞིག་ཡིན་པ་རྗེས་ཤུལ་ནང་མི་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་ཚོར་སློབ་གསོ་བྱ་དགོས་པ་གསུངས།

༧གོང་ས་མཆོག་གིས་ཚེས་༢༠ཞོགས་པ་ཨེན་སྦི་སི་བརྙན་འཕྲིན་ཁང་གི་ཞོགས་པའི་ལས་རིམ་ཞིག་ཐོག་ཕེབས་གནང་ནས་གང་ཉིད་ཀྱི་འཛམ་གླིང་དེ་བཟང་ཕྱོགས་སུ་བསྐྱོད་ཀྱི་ཡོད་པའི་དགོངས་ཚུལ་ཐོག་འགྲེལ་བརྗོད་གནང་། དེ་ནས་གསུང་ཆོས་གནང་ཡུལ་ཚོགས་ཁང་དུ་ཕེབས་ནས་མགོན་པོ་ཀླུ་གྲུབ་ཀྱི་མཛད་པའི་བྱང་སེམས་འགྲེལ་པ་གསུང་ཁྲིད་གནང་འགོ་བཙུགས་གནང་།

ཉིན་རྒྱབ་ཏུ་གསུང་ཆོས་དབུ་འཛུགས་མ་གནང་གོང་༧གོང་ས་མཆོག་ནས་གསར་འགོད་པ་༡༠༠ ཙམ་ལ་མགོན་པོ་གང་གི་དགོངས་བཞེས་དང་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་བཀའ་གནང་། ཡང་ཁོང་ནས་བོད་སྐོར་ལ། རྒྱ་ནག་གིས་དྲག་གནོན་ཇི་ཙམ་བྱས་ཀྱང་དེ་ཙམ་གྱི་བོད་མི་རྣམས་ཀྱི་ངར་ཤུགས་ཆེ་རུ་འགྲོ་རྒྱུ་དང་། རྒྱ་ནག་གི་གུང་བྲན་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་བོད་ཀྱི་རིག་གཞུང་ཐོག་འཇིགས་སྣང་དང་རྒྱུ་མཚན་མེད་པའི་དོགས་པ་བྱེད་བཞིན་ཡོད་པའི་སྐོར་བཀའ་བསྩལ་གནང་།

༧གོང་ས་མཆོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འདིར། རྒྱ་ནག་གུང་བྲན་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་འཇིགས་སྣང་དང་རྒྱ་ནག་ནང་ཁ་བྲལ་གཏོང་རྒྱུའི་རྒྱུ་རྐྱེན་ལྟ་བུར་ངོས་འཛིན་བྱས་ཏེ་ལོག་པར་རྟོག་བཞིན་ཡོད་པའི་སྐོར་བཀའ་བསྩལ་གནང་།

ཚེས་༢༡ ཞོགས་པར་༧གོང་ས་མཆོག་ནས་འཕྲུལ་སྒྲའམ་ཀྲུ་ལྦི་ཀྲར་འབྲེལ་ལམ་དྲ་རྒྱའི་ཐོག་རྒྱ་རིགས་དྲ་རྒྱ་ལོངས་སུ་སྤྱོད་མཁན་ཚོའི་དྲི་བར་བཀའ་ལན་གནང་བ་རེད། དེ་ནི་༧གོང་ས་མཆོག་ནས་དེ་འདྲ་བའི་ལས་འགུལ་ལ་མཉམ་ཞུགས་གནང་བ་ཐེངས་དང་པོ་དེ་ཡིན།

རྒྱ་རིགས་རྩོམ་པ་པོ་ལྦང་ལི་ཤོང་གི་་ཀྲུ་ལྦི་ཀྲར་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་བརྒྱུད་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་ཁྱོན་བསྡོམས་རྒྱ་རིགས་མང་ཚོགས་ནས་ཡིན་པའི་དྲི་བ་འདེམས་སྒྲུག་བྱས་པ༡༥ཙམ་བཀའ་དྲི་་ཞུས།

ཁྱོན་བསྟོམས་དྲ་རྒྱའི་ཐོག་དྲི་བ་༢༥༠ཐམ་པ་བྱུང་ཡོད་བཞིན། དེ་དག་རྒྱ་ནག་ནང་གི་དྲ་རྒྱ་ལོངས་སུ་སྤྱོད་མཁན་༡༡༠༠ཙམ་གྱིས་བཏང་པའི་དྲི་བ་ཁག་ཡིན་པ་དང་ ཝང་ནས་༧གོང་ས་མཆོག་ལ་བཅར་དྲི་ཞུས་པའི་དྲི་བ་དེ་ཚོ་ནི་དྲ་རྒྱ་ལོངས་སུ་སྤྱོད་མཁན་མི་ཆིག་ཁྲི་ཉི་སྟོང་ཙམ་གྱིས་དྲི་བ་དྲག་འདེམས་ཀྱིས་རྩེ་ཕུད་བྱས་པ་རེད་།

ལས་རིམ་དེ་ཐོག་༧གོང་ས་མཆོག་ནས་བོད་ཀྱི་མ་འོངས་པའི་གནད་དོན་དང་བོད་རྒྱ་མི་རིགས་དབར་གྱི་འབྲེལ་བའི་གནས་འགག དེ་བཞིན་བོད་རྒྱའི་འབྲེལ་མོལ་དེ་མདུན་བསྐྱོད་མེད་པའི་ཐོག་ཐུགས་འཚབ་ཡོད་པ་དང་། དེ་ཐོག་གང་ཉིད་ཀྱིས་གཉིས་ཕེན་དགོངས་བཞེས་ཐོག་བཀའ་གནང་།

དེ་རྗེས་གསུང་ཆོས་གནང་ཡུལ་ཚོགས་ཁང་དུ་མ་ཕེབས་གོང་ནིའུ་ཡོག་ཁུལ་བོད་མི་ཁག་གཅིག་ནས་༧གོང་ས་མཆོག་གི་མཇལ་ཁ་ཞུས་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པའི་སྐོར་སྙན་སེང་ཞུས།

ཚེས་༢༢ཉིན་༧གོང་ས་མཆོག་གིས་ནིའུ་ཡོག་གཙོས་ས་ཁུལ་ཁག་ནས་ཕེབས་པའི་བོད་མི་སྟོང་ཕྲག་ལྔ་ལྷག་ལ་བཀའ་སློབ་སྟོན་བསྩལ་གནང་། ༧གོང་ས་མཆོག་ནས་བོད་མི་བཙན་བྱོལ་དུ་སླེབས་ནས་ལོ་༥༡ སོང་ཡོད་པས་དུས་དེའི་རིང་གི་གནས་ཚུལ་ལ་དཔྱད་ཞིབ་གནང་། ཁོང་ནས་ང་ཚོ་བཙན་བྱོལ་ལ་ཡོང་དགོས་དོན་ནི་ཁྲིམས་འགལ་གྱི་ལས་འགུལ་སྤེལ་བའམ། ཡུལ་ལ་མུ་གེ་ཤོར་བའམ། ཡང་ན་རང་བྱུང་གི་གནོད་ཚེ་ཕོགས་པའི་རྐྱེན་གྱི་མིན་པས། བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་ཚན་དེ་ད་དུང་གནས་ཡོད་པའི་སྐོར་བཀའ་གནང་། ཁོང་ནས་བོད་མི་ཚོས་རང་ཉིད་ཀྱི་ད་ལྟའི་མི་སེར་གྱི་གནས་སྟངས་གང་ཡང་རུང་བོད་མི་ཡིན་པ་དེ་བརྗེད་མི་རུང་གསུངས། ༧གོང་ས་མཆོག་ནས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་རིགས་གཅིག་རྐང་འཛིན་ཤེས་ཡོན་ཐོག་འབད་བརྩོན་གནང་རྒྱུ་གནས་འགག་ཆེན་པོ་ཡིན་པ་གསུངས།

ཡང་༧གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་དེ་སེལ་རྒྱུར་རྒྱ་རིགས་ཀྱི་རྒྱབ་སྐྱོར་དེ་གལ་ཆེན་པོ་ཡིན་པ་དང་བོད་མི་ཚོས་རྒྱ་རིགས་ཚོར་འབྲེལ་བ་བྱེད་དགོས་པའི་བཀའ་ཕེབས།

དེ་རྗེས་༧གོང་ས་མཆོག་ནས་ནིའུ་ཡོག་ཁུལ་དུ་བོད་མིའི་སྤྱི་ཁང་ཞིག་གི་ཆེད་མ་དངུལ་བསྡུ་ལེན་གྱི་གསོལ་སྟོན་ཞིག་ཏུ་ཕེབས། དེར་ཡོད་མང་ཚོགས་ལ་གསུང་བཤད་ནང་༧གོང་ས་མཆོག་ནས་སྤྱི་ཁང་དེས་ཆོས་མཇལ་ཞུ་སའི་ལྷ་ཁང་ཁོ་ན་ལྟ་བུ་མིན་པར་སློབ་སྦྱོང་གི་ལྟེ་གནས་སུ་ཆགས་དགོས་པ་གསུངས།

ཉིན་རྒྱབ་དུ་༧གོང་ས་མཆོག་ནས་གསུང་ཆོས་མཇུག་སྒྲིལ་གནང་། དེ་དུས་གསུང་ཆོས་གོ་སྒྲིག་ཞུ་མཁན་ནས་དངུལ་འབོར་བྱུང་སོང་གི་གནས་སྟངས་བསལ་བཤད་གནང་། ཁྱོན་བསྡོམས་ཀྱི་འགྲོ་སོང་ནི་ཨ་སྒོར་༡༨༠༥༠༠༠ དང་ བྱུང་བསྡོམས་ནི་ཨ་སྒོར་༡༣༢༥༥༦༨ ཡིན་པ་གསལ་བསྒྲགས་གནང་།

ཚེས་༢༣ ཉིན་༧གོང་ས་མཆོག་ནིའུ་ཡོག་དུ་ཡོད་པའི་ཧན་ཊར་མཐོ་སློབ་ཏུ་རྒྱ་རིགས་མཁས་དབང་ཁག་གཅིག་མཉམ་ཤེས་ཡོན་གྱི་བགྲོ་གླེང་ཞིག་ལ་མཉམ་བཞུགས་གནང་། དེ་སྐབས་མཐོ་སློབ་ཀྱི་གཙོ་འཛིན་ཇེ་ནི་ཕར་རབ་ནས་༧གོང་ས་མཆོག་ལ་ཆེ་སྟོད་མཚོན་པའི་གཙོ་འཛིན་གྱི་གཟེངས་རྟགས་ཞིག་འབུལ་གནང་ཞུས།

དེ་རྗེས་མཐོ་སློབ་ཀྱི་ཚོགས་ཁང་གཞན་ཞིག་ཏུ་༧གོང་ས་མཆོག་ནས་བོད་པའི་སློབ་ཕྲུག་དང་། རྒྱ་རིགས་སློབ་ཕྲུག་དབར་འབྲེལ་ལམ་བཟང་པོ་བསྐྲུན་ཐབས་ཀྱི་ཚོཌ་ཆེན་ཐོག་བཀའ་སློབ་གནང་བར་ཕེབས།

ཚོཌ་ཆེན་འདིའི་ནང་སློབ་ཕྲུག་༢༣༠ ལྷན་ཞུཌ་གནང་འདུག ༧གོང་ས་མཆོག་གིས་ཐོག་མར་གང་ཉིད་ཀྱི་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུའི་འགན་ཁུར་སྐོར་འགྲེལ་བརྗོད་གནང་། དེ་ནས་བོད་མི་ཚོས་རྒྱ་མི་རིགས་དང་འབྲེལ་བ་བཟང་དུ་གཏོང་དགོས་པའི་ལམ་སྟོན་གནང་། ༧གོང་ས་མཆོག་ནས་བོད་ལ་རང་སྐྱོང་ཚད་ལྡན་གྱི་གནས་བབས་དགོས་པའི་འཐབ་རྩོད་གནང་བ་མ་གཏོགས་རང་བཙན་ལོགས་སུ་དགོས་འདུན་བཏོན་གནང་གི་མེད་པ་དང་། རྒྱ་བོད་མི་རིགས་རྣམས་མཐུན་སྒྲིལ་ཡོང་ཐབས་དང་། ལྷག་པར་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བློས་འཁེལ་ཡོང་ཐབས་སུ་དྭོགས་པ་རྣམ་རྟོགས་ཀྱི་དམ་བསྒྲགས་བྱེད་པ་དང་། མེ་མདའི་འོག་ནས་བློ་འགུག་ཡོང་ཐབས་མེད་ལུགས་བཀའ་གནང་། དེ་དང་ཕྱོགས་མཚུངས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཅིག་དང་། འཛམ་གླིང་ནང་ཆེ་མཐོང་ཡོང་རྒྱུར་གཙོ་བོ་སོ་སོའི་མི་མང་ལ་ཕྱི་གསལ་ནང་གསལ་གྱི་གནས་ཚུལ་གོ་རྟོགས་སྤེལ་ཐབས་དང་། གསར་འགོད་རང་དབང་སྤྲོད་དགོས་པ་ལས་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྤེལ་རྒྱུ་དེ་ནི་མ་འགྲིག་པ་རེད་བཀའ་གནང་། ང་ཚོ་བཙན་བྱོལ་སྤྱི་ཚོགས་དང་གཞུང་གི་ངོས་ནས་ལས་དོན་སྤེལ་ཕྱོགས་ལ་དྭོགས་པ་ཡོད་ན་རྡ་རམ་ས་ལར་སོ་བ་བཏང་ནའང་འགྲིགས་ཀྱི་རེད་གསུངས།

༧གོང་ས་མཆོག་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལངས་ཕྱོགས་འཛིན་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་དེ་ཙམ་གྱི་རེ་བ་མེད་ཀྱང་རྒྱ་མི་རིགས་ཚོས་འཁུར་བླང་དང་།

རྒྱབ་སྐྱོར་བྱེད་ཕྱོགས་ལ་ཐུགས་རེ་གནང་གི་ཡོད་ལ་གཞོན་སྐྱེས་ཚོས་ཕན་ཚུན་གོ་བསྡུར་གྱི་ལམ་ནས་མུ་མཐུད་ནས་རྒྱ་རིགས་དང་བོད་རིགས་དབར་འབྲེལ་ལམ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་། ད་རེས་ཀྱི་ཚོཌ་ཆེན་དེའི་ནང་བོད་ཐོག་ཞིབ་འཇུག་གནང་མཁན་མཁས་པ་དང་། གསར་འགོད་པ། ཁྲིམས་བཟོ་བ། དཔལ་འབྱོར་མཁས་པ། དམངས་གཙོ་དོན་གཉེར་བ། སོགས་ནས་བོད་ཀྱི་གནད་དོན་སྐོར་བཀའ་སློབ་གནང་ཡོད་པ་རེད༎ ཚོགས་འདུ་དེར་རྒྱ་ནག་ནས་ཚོགས་མི་འགའ་ཞིག་ཕེབས་ཡོད་པ་རེད་།

ཉིན་རྒྱབ་ཏུ་༧གོང་ས་མཆོག་ནས་གཞན་ཕན་སེམས་བསྐྱེད་རྒྱུའི་སྐོར་མང་ཚོགས་ལ་བཀའ་སློབ་གནང་། ཁོང་ནས་ཐོག་མར་ཕ་མའི་རྩེ་བ་དེ་བུ་ཕྲུག་ཚོར་གལ་ཆེན་པོ་ཡིན་པའི་སྐོར་གསུངས། དེ་ནས་འཛམ་གླྲིང་འདི་བཞིན་བྱམས་སྙིང་རྗེ་ཅན་གྱི་སྤྱི་ཚོགས་སུ་བསྒྱུར་ཐབས་སུ་བུད་མེད་ཀྱི་ལས་འགན་སྐོར་བཀའ་གནང་།

བཀའ་སློབ་གྲུབ་རྗེས་ཚོགས་བཅར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་སྦེན་ཇ་མིན་སྒིལ་མན་ཡོད་པ་གཟིགས་ནས་༧གོང་ས་མཆོག་ཁོང་ལྷན་ཡུད་ཙམ་མཇལ་ཕྲད་གནང་།

ཚེས་༢༣ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་ནས་ཆོས་ལུགས་དབར་ལྷན་ཚོགས་ཞིག་ནང་མཉམ་བཞུགས་གནང་བ་དང་ དེའི་ནང་ཨ་རིའི་ནང་གི་ཆོས་ལུགས་འདྲ་མིན་གྱི་ན་གཞོན་ལྷན་ཚོགས་ཞེས་པའི་ཚོགས་པའི་ཚོགས་གཙོ་པ་ཊིལ་དང་ཨབ་ག་ན་སི་ཐན་ནང་བེུད་དང་ ཕྲུ་གུའི་འཕྲོད་བསྟེན་དང་ཤེས་ཡོན་ཐོག་རོགས་རམ་གནང་མཁན་གྱི་ཨེ་ཀྲི་ཨེལ་ཞེས་པའི་ཚོགས་པའི་ཚོགས་གཙོ་ དེ་བཞིན་ལྷན་ཚོགས་གནང་ཡུལ་ཡི་ཤུའི་ལྷ་ཁང་གི་དབུ་འཛིན་སོགས་མཉམ་བཞུགས་གནང་། ལྷན་ཚོགས་དེའི་ཐོག་༧གོང་ས་མཆོག་ནས་སྐུ་ཉིད་ཀྱིས་ཆོས་ལུགས་དབར་ཕན་ཚུན་བརྩི་བཀུར་དང་བྱམས་རྩེའི་ཐོག་ནས་འཆམ་མཐུན་ཡོངས་ཐབས་འབད་བརྩོན་གནང་གི་ཡོད་པ་དང་། ང་ཚོིའི་འཇིག་བརྟེན་འདིའི་ནང་བྱམས་སེམས་དང་ཁ་མི་བྲལ་བ་ཞིག་དགོས་རྒྱུ་དེ་ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་སྙིང་པོ་དེ་ཡིན་དགོས་པ་བཀའ་སྩལ་གནང་། འཛམ་གླིང་ནང་དམག་འཁྲུག་དང་དྲག་པོའི་ཁ་གཏད་ཀྱི་གནས་ཚུལ་མང་པོ་ཞིག་ཆོས་ལུགས་ཕན་ཚུན་ལྟ་བ་མི་མཐུན་པའི་རྒྱུ་རྐྱེན་གྱིས་ཡོང་གི་ཡོད་སྟབས་ ༧གོང་ས་མཆོག་ནས་འདས་པའི་ལོ་ངོ་མང་པོའི་རིང་ ཆོས་ལུགས་མི་འདྲ་བའི་མི་སྣ་ཚོ་དང་མཇལ་འཕྲད་ཀྱིས་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་ཡོངས་ཐབས་སླད་འབད་བརྩོན་གནང་བཞིན་ཡོད་པ་གསུངས། ལྷན་ཚོགས་དེའི་ཐོག་མང་ཚོགས་སྟོང་ཁྲག་གསུམ་ལྷག་མཉམ་ཞུགས་གནང་འདུག

ཚེས་༢༤ ཞོགས་པ་༧གོང་ས་མཆོག་ནས་ཀྲའེམ་དུས་དེབ་ཀྱི་བཅར་དྲི་དང་ལེན་གནང་།  དེ་རྗེས་ ༧གོང་ས་མཆོག་ནས་ནིའུ་ཡོག་ས་གནས་ཆུ་བཞི་སྒང་དྲུག་ཚོགས་པའི་རྒྱུན་ལས་པ་དང༌། རྒྱ་མི་རིགས་ཆེད་ལས་པ་ཁག་ཅིག དེ་བཞིན་ཕྱི་རྒྱལ་སྐུ་ཚབ་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད། ཉིན་རྒྱབ་༧གོང་ས་མཆོག་ནས་ཨ་མེ་རི་ཀའི་ནང་གི་མཛད་འཆར་ཁག་ལེགས་སྒྱུབ་ཀྱིས་རྒྱ་གར་ཕྱོགས་སུ་ཆིབས་བསྒྱུར་གནང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་ཡུལ་ཤུལ་ས་འགུལ་ཐོག་ཐུགས་གསོའི་གྲོས་འཆར་བཏོན་པ།

ཨ་རིའི་གྲོས་ཚོགས་ཀྱི་ལས་རྟགས།

ཨ་རིའི་གྲོས་ཚོགས་ཀྱི་ལས་རྟགས།

ཨ་རིའི་གྲོས་ཚོགས་འོག་མ་ནས་ཉེ་ཆར་ཡུལ་ཤུལ་སྒ་སྐྱེ་རྒུ་མདོར་ས་ཡོམ་རྐྱེན་ཚེ་སྲོག་དང་ཅ་དངོས་ལ་སྐྱོན་བྱུང་བར་ཐུགས་ཕམ་བྱུང་བའི་གྲོས་ཆོད་གྲོས་འཆར་ཞིག་ཟླ་༥་ཚེས་༤ ཉིན་གྲོས་ཚོགས་འཐུས་མི་ མ་ཡེ་ཁལ་ མེག་མ་ཧོན་ ནས་ངོ་སྤྲོད་གནང་འདུག གྲོས་འཆར་ཨང་༡༣༢༤ ཡིན་པ་དེ་ལ་ངོ་སྤྲོད་ལ་རྒྱབ་སྐྱོར་གནང་མཁན་འཐུས་མི་བརྒྱད་ཡོད་འདུག
གྲོས་འཆར་ནང་གཤམ་གསལ་དོན་གནད་རྣམས་འཁོད་ཡོད་།
༡༽ཟླ་༤ཚེས་༡༤ ཉིན་གྱི་ས་ཡོམ་རྐྱེན་ཚེ་སྲོག་དོར་བ་དང་ཅ་དངོས་ལ་སྐྱོན་བྱུང་བར་ཐུགས་ཕམ་ཡོད་པ།
༢༽མཚོ་སྔོན་ཞིང་ཆེན་དང་། ཨ་རིའི་བོད་མི། ཨ་རིའི་རྒྱ་མི་དང་། གཞན་བྱུང་རྐྱེན་དེའི་ནང་ངོ་ཤེས་སྤུན་སོགས་སྲོག་སྐྱོན་བྱུང་ཡོད་པའི་ཐོག་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ།
༣༽ཨ་རིའི་ཕྱི་སྲིད་བློན་ཆེན་ཧི་ལ་རི་ ཁི་ལོན་ཊོན་ནས་ཁས་ལེན་ཞུ་བ་ལྟར་དུས་སྐབས་འདིར་ཨ་རི་ནས་རོགས་སྐྱོར་གནང་རྒྱུ་གྲ་སྒྲིག་ཡིན་པ་དང་།
༤༽བོད་མིའི་ཆོས་དང་རིག་གཞུང་གི་གོམས་སྲོལ་མི་ཉམ་གོང་འཕེལ་ཆེད་དགོན་པ་དང་བོད་རྒྱུད་ནང་བསྟན་ཆོས་ལུཌ་ཀྱི་སྟི་གནས་ཁག་ལ་རོགས་སྐྱོར་དང་ཕུགས་རིང་གི་ཉམས་གསོའི་ལས་དོན་་ལ་རྒྱབ་སྐྱོར་ཡོད་པ།

གྲོས་འཆར་དེ་བཞིན་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་ནས་ཐུགས་ཞིབ་གནང་རྒྱུ་རེད་འདུག

Powered by Wordpress | Designed by Elegant Themes