རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

༈ བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་གསལ་བསྒྲགས།

Lodi_Gyari_Rinpoche

༄༅། །ད་མཚམས་འོས་བསྡུ་ལས་ཁང་ནས་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་གསལ་བསྒྲགས་དངོས་སུ་གནང་སྟབས། རང་ཉིད་བཀའ་བློན་ཁྲི་པའི་འོས་གཞིར་མི་ཞུགས་རྒྱུའི་ཐག་གཅོད་ཡོངས་གྲགས་བྱེད་རྒྱུ་ཡིན། ངའི་ལས་རོགས་དང་། བློ་ཉེ་ཚོ། དེ་བཞིན་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ལ་དོ་སྣང་ཞིབ་ཚགས་བྱེད་མཁན་ཚོས་ཕྲན་རང་ཐོག་མ་ནས་འོས་གཞིར་ཞུགས་རྒྱུའི་བསམ་བློ་མེད་པ་དེ་ཤེས་ཀྱི་ཡོད།
གུས་པར་བཀའ་ཁྲིའི་འོས་གཞིར་ཞུགས་རྒྱུའི་གཞེན་བསྐུལ་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱད་པར་བོད་ནས་ཆེས་བཀུར་འོས་སྐྱ་སེར་མི་སྣའི་ཁོངས་ནས་བརྡ་ལན་དེ་རིགས་འབྱོར་བ་ནི་ཆེ་མཐོང་བླ་མེད་དུ་སྣང་།
ང་རང་རྒྱུན་དུ་མང་གཙོའི་ལམ་ལུགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞིང་། ལམ་ལུགས་འདི་ནི་བོད་མི་མང་གི་མངོན་འདོད་གསལ་སྟོན་བྱེད་རྒྱུའི་བརྒྱུད་ལམ་གལ་ཆེ་ཤོས་དང་། བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཡུན་གནས་ཐུབ་པའི་ལམ་ལུགས་ཡང་དག་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་རྣམས་བོད་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་མངོན་འགྱུར་ཡོང་ཆེད་ཀྱི་ཐབས་ལམ་ཡིན་པ་ངོས་འཛིན་པའི་ཐོག་ནས་ང་ཚོས་མང་གཙོའི་ལྟ་གྲུབ་དང་ལག་ལེན་འཐུས་སྒོ་ཚང་དུ་བཏང་བར་སྒོ་ཀུན་ནས་འབད་བརྩོན་བསྐྱེད་དགོས།
གོང་འཁོད་རྒྱུ་མཚན་གཞི་བཟུང་ངས་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཡང་བསྐྱར་ལས་ཡུན་ཞིག་གནང་ཐུབ་རེ་བྱས་པ་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་དོ་ཁུར་ཅན་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་ཁ་ཕྱོགས་ཇི་ཆགས་ལ་ཐུགས་འཚབ་གནང་མཁན་མང་པོས་ཀྱང་བསམ་ཚུལ་བཏོན་ཡོད། འོན་ཀྱང་ཟམ་གདོང་རིན་པོ་ཆེ་མཆོག་ཡང་བསྐྱར་གནང་བཞེད་མེད་པ་ཤེས་ཀྱི་ཡོད་ལ། དེ་མཚུངས་ད་ལྟའི་གྲོས་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་ཁོང་འོས་གཞིར་ཞུགས་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུའི་འདུན་པ་མེད་པའང་གསལ་པོ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཀར་འོས་འདེམས་བྱེད་རྒྱུའི་འགན་དབང་གསོལ་རས་བསྩལ་བའི་ལམ་ལུགས་གསར་གཏོད་གནང་བ་བརྒྱུད་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིར་འོས་འདེམས་བྱེད་རྒྱུའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་ཡིན། འདས་པའི་ལོ་བཅུའི་རིང་ཟམ་གདོང་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་དང་ཐུགས་སྤོབས་མཁྱེན་ཡོན་གྱི་དབང་གིས་བཀའ་བློན་ཁྲི་པའི་ལས་གནས་ཀྱི་མཚན་མཐོང་དང་འགན་ཁུར་གཟི་བརྗིད་ཅན་དུ་གྱུར་ཡོད།
བོད་རྒྱ་ཆེའི་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེས་ལམ་སྟོན་ལ་མཐའ་གཅིག་ཏུ་ཡིད་ཆེས་ཞུས་ཀྱི་ཡོད་པ་རྩོད་མེད་རེད། དེ་ཡང་རྨོངས་ཞེན་ནམ་དད་པའི་རྗེས་འབྲང་མ་ཡིན་པར་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་བཞེས་འདི་ཉིད་ཡིན་པ་ཤེས་པའི་སྒོ་ནས་རིགས་པའི་རྗེས་སུ་འབྲང་སྟེ་ཞུས་ཀྱི་ཡོད། དེ་མཚུངས་བོད་མི་ཚོས་རང་གི་ཕ་མེས་ནས་བརྒྱུད་པའི་ནང་དོན་རིག་པའི་སྲོལ་རྒྱུན་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་ཁྱད་ནོར་དང་།  བོད་མིའི་སྟོབས་ཤུགས་དང་ཆིག་བསྒྲིལ་གྱི་ནུས་པའི་འབྱུང་ཁུངས་ཡིན་པ་ངོ་འཕྲོད་པའི་སྒོ་ནས་དེར་དགའ་ཞེན་དང་སྤོབས་པ་བྱེད་ཀྱི་ཡོད། འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ཆེས་ཡ་ང་ཞིང་བཟོད་དཀའ་བའི་ཛ་དྲག་གནས་བབ་འོག་ཏུའང་བོད་མིའི་སྙིང་སྟོབས་ཞུམ་མེད་ངང་གནས་ཐུབ་པ་མ་ཟད། རྒྱལ་སྤྱིའི་ཐོག་ཀྱང་བོད་མིའི་འཐབ་རྩོད་ཀྱིས་གོ་གནས་དམིགས་བསལ་ཅན་ཞིག་བཟུང་ཐུབ་པའང་བོད་མིའི་ཁྱད་ནོར་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་པས། ང་ཚོས་འོས་འདེམས་བྱ་རྒྱུའི་འགོ་ཁྲིད་ཚོའང་གོང་གསལ་བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་ལ་རྒྱུས་མངའ་དང་། དགའ་མོས་བརྩི་བཀུར་ཡོད་མཁན་ཞིག་དགོས་པ་མ་ཟད། དེ་དག་མཚོན་ཐུབ་ངེས་ཤིག་དགོས་པར་སྣང་བ་བཅས་ཕྲན་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༣༠ ལ།། །།

ལོག་སྨྲ་ཚར་གཅོད།།

༄༅།།བོད་རྒྱ་འབྲེལ་མོལ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་བཅས་སྐོར་ཡག་པོ་ཤེས་རྒྱུ་ནི་བོད་དོན་ལས་འགུལ་ནང་མཚོན་ན་དོན་གནད་གལ་ཆེན་ཞིག་རེད། དེ་བས་ཀློག་པ་པོ་དང་བོད་དོན་ལ་ཐུགས་སྣང་གནང་མཁན་རྣམ་པ་ཚོའི་ཁྲོད་དུ་གོང་ཞུས་ཀྱི་གནས་ཚུལ་སྐོར་ཕན་ཚུན་གོ་རྟོགས་དང་དགོངས་ཚུལ་རྗེ་རེས་ཡོང་ཆེད། ང་ཚོའི་དྲྭ་ཐོག་ཏུ་བོད་དོན་ལ་རྒྱུས་ལོན་དང་ཤེས་རྟོགས་མི་དམན་པ་ལྡན་པའི་ཆེས་ལས་མི་སྣས་བྲིས་གནང་བའི་དཔྱད་རྩོམ་སྤེལ་ས་འདི་གསར་སྣོན་བྱས་པ་ཡིན།ད་ནས་གཟུང་ཆེས་ལས་མི་སྣ་ནོར་བུ་དོན་ལྡན་ལགས་ཀྱི་དཔྱད་རྩོམ་དུས་ཚོད་ངེས་ཅན་ནང་དྲྭ་ཐོག་ཏུ་འགོད་ཀྱི་ཡིན་ཞུ། ཀློག་པ་པོ་རྣམ་པ་ཚོ་ལ་ཕན་ནུས་རེ་ཡོང་བའི་རེ་བ་ཞུ་བ་དང་ཆབས་ཅིག་ཏུ།ཁྱེད་རྣམ་པས་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།།

༄༅།། ལོག་སྨྲ་ཚར་གཅོད།།
རྩོམ་པ་པོ། ནོར་བུ་དོན་ལྡན།

ཙི་ཙི་ཁུང་ནང་འཛུལ་ཡང་མཇུག་མ་ནས་ངོ་ཤེས་ཟེར་བ་ལྟར། ཡེ་རྡོར་ཟེར་བ་ནི་རྒྱ་གཞུང་འཐབ་ཕྱོགས་གཅིག་འགྱུར་ཁང་ཞེས་པའི་བཀའ་བཀོད་བེད་སྤྱོད་སྟངས་འཛིན་འོག་ཏུ་ཡོད་པའི་རྒྱུག་ཁྱི་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། ལས་ཁུངས་དེས་ཕྱི་ལོ་༢༠༠༩ ཟླ་ ༡༢ ཚེས་ ༢༩ ཉིན་“ཀྲུང་གོའི་བོད་ལྗོངས་དྲ་བ་”ཟེར་བའི་ནང་“ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་བྱེད་སྤྱོད་ཀྱི་གཡོ་སྒྱུ་གསར་པ་”ཞེས་པའི་འགོ་བརྗོད་འོག་འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོར་ཁུང་ལུང་གཞི་རྩ་མེད་པའི་སྙོན་འཛུགས་མང་དག་བྱས་འདུག དེ་དག་བལྟ་ཀློག་བྱེད་སྐབས་༧གོང་ས་མཆོག་གི་བཀའ་སློབ་ལ་ཕྱོགས་ཡོངས་ཀྱི་གནས་ཚུལ་ཆ་ཚང་གསལ་པོ་མ་རྟོགས་པའམ། གོ་བ་ལོག་སྒྲུབ་ཀྱིས་རང་གི་དགོས་མཁོ་དང་བསྟུན་འདོད་ཕྱོགས་ཀྱི་ཚིག་རྐང་བཅད་དུམ་སྒྲུབ་སྟེ་མང་ཚོགས་ནང་དཀྲོག་རྐྱེན་བཟོ་བ་དེ་གཞུང་འབྲེལ་ལས་ཁུངས་ཆེ་ཁག་ཅིག་ནས་སྤེལ་དགོས་བྱུང་བ་དེར་སྙིང་རྗེ་སྐྱེ་འོས་པ་ཞིག་རེད། གལ་ཏེ་དངོས་པོ་ར་འཕྲོད་པའི་བདེན་པའི་གནས་ལུགས་རྒྱུ་མཚན་ཡང་དག་ཤོད་པའི་གདེང་སྤོབས་ཡོད་ན་སྐུ་ཚབ་ཕན་ཚུན་གདོང་ཐུག་དངོས་མཇལ་སྐབས་ཧམ་པ་དང་གནོན་ཤུགས། དབང་ཆེ་ཆུང༌། གཡོ་རྒྱུ་བཅས་ཀྱི་རྣམ་པ་ཐོག་ནས་མ་ཡིན་པར་བྱུང་རིམ་གཅིག་རྒྱབ་གཉིས་སུ་བྱས་ཏེ་འགྲེལ་བརྗོད་བྱས་ཚེ། དེ་ལ་དྲང་བདེན་ཕྱོགས་ལྷུང་མེད་བའི་དངོས་བྱུང་གིས་ལན་འདེབས་ཐེ་ཚོམ་གྱི་དྲ་བ་ཆོད་པ་ཞིག་ཡོང་རྒྱུ་ཡིན། འོན་ཀྱང་མཐོང་རྒྱ་ཐོས་རྒྱ་ཆུང་ཞིང༌། བསམ་མེད་ཀླད་ཆུང་ལ་ལ་མགོ་བོ་རྨོངས་ཉེན་ཡོད་པས་དོན་གནད་རེ་ཟུང་ཐོག་ཕྱོགས་བསྡོམས་ཀྱི་ལན་འདེབས་གསལ་བཤད་བྱ་རྒྱུར།
དང་པོ་དེ་ཕྱི་རྒྱལ་གྱི་བཙན་དབང་འོག་འཚུད་པའི་རང་དབང་གི་འཐབ་རྩོད་བྱེད་མཁན་གྱི་འགོ་ཁྲིད་དང་“ཟིང་ཆ་སློང་མཁན་”དབར་ཁྱད་པར་དབྱེ་མཚམས་གསལ་པོ་འབྱེད་མ་ཐུབ་ན་ཐབས་སྐྱོ་པོ་རེད། ཟིང་ཆ་སློང་མཁན་ཟེར་བ་ནི། དཔེར་ན། བལ་ཡུལ་ལྟ་བུར་མཚོན་ན། ལྐོག་ཏུ་གཞུང་ལ་གྱེན་ལོག་བྱེད་མཁན་མོའོ་རྗེས་འཇུག་པར་དངུལ་དངོས་ལག་ཆ་དང་སྦྱོང་བརྡར་སྤྲད། ཡོངས་གྲགས་ཀྱི་རྣམ་པར་གཞུང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་མཁན་མགོ་གཉིས་མ་དང་གཞན་ཡང་བསད་བརྡུང་གཏོར་བཅོམ་དྲག་སྤྱོད་བྱེད་མཁན་གྱི་སྲིད་གཞུང་དང་ངན་པ་ལག་འབྲེལ་བྱས་ཏེམཐུན་སྦྱོར་རྒྱབ་སྐྱོར་དང༌། ངན་བསྐུལ་བེད་སྤྱོད་བྱེདམཁན་ལ་ཟེར་བ་ཡིན་པས། དེ་ཚོ་སུ་ཡིན་མཛུབ་མོ་ནང་དུ་བཀུག་ནས་བསམ་གཞིག་བྱས་ཚེ་ལན་འདེབས་ལས་སླར་རྙེད་རྒྱུ་ཡིན།
ན་ནིང་ལྷ་སར་ཐོན་པའི་“༣།༡༤”གཏམ་སྤྱོད་ཉེས་གསོག་དོན་རྐྱེན་ལ་འཛམ་གླིང་ཡོངས་ཀྱི་ཕྱི་ཁོངས་ཀྲུང་གོ་བ་དང༌། ཕྱིར་སྡོད་རང་མི་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་བཅས་ཀྱི་རྒོལ་གཏམ་ཕོག་རྗེས་དང༌། ལྷག་པར་དུ་ཏཱ་ལའི་རུ་ཚོགས་ཀྱིས་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རྒྱལ་ཁབ་ཁག་ཏུ་བརྒྱུད་སྤྲོད་བྱེད་པར་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཕྱི་ཁོངས་ཀྲུང་གོ་བས་རྒོལ་གཏམ་དྲག་པོ་ཕོག་རྗེས། “ཏཱ་ལ་དེ་མ་ཉིད་དུ་རྟོགས་པ་སད་དེ་”ཀྲུང་དབྱང་གིས་སྐྱོན་བརྗོད་བྱས་པར་སེམས་སྡུག་ཡོང་གི་མི་འདུག འོན་ཀྱང་ཕྱི་ཁུངས་ཀྲུང་གོ་བ་དང་ཕྱི་སྡོད་རང་མི་མང་པོ་དེ་འདྲ་ཞིག་གིས་ངོ་རྒོལ་བྱས་པར་སེམས་ཁྲལ་ཆེན་པོ་ཡོང་གི་འདུག་ཅེས་ཐེངས་མང་བརྗོད་ཡོད། ཅེས་ཟེར་བའི་སྐོར།
བོད་ཡུལ་གྱི་བདག་པོ་བོད་མིར་ཕྱིའི་བཙན་གནོན་པས་ལོ་ནས་ལོ་བསྟུད་དེ་མཐོང་ཆུང་ཁྱད་གསོད་དང༌། མི་རིགས་དབྱེ་འབྱེད། བསད་བརྡུང་འཛིན་གསུམ་སོགས་་ཀྱི་མནར་གཅོད་བཏང་བའི་སྡུག་ནད་མ་ཐེག་པར། ཕྱི་ལོ་ ༢༠༠༨ ལོར་བོད་ཀྱི་ས་ཁྱོན་ཡོངས་སུ་མི་མང་ནས་ཕྱིའི་བཙན་གནོན་པར་འཚེ་མེད་ཞི་བའི་སྒོ་ནས་ངོ་རྒོལ་བྱས་པ་དེ་ནི་རྒྱུ་མཚན་ལྡན་པར་མཐོང་ནས། ཕྱིའི་རྒྱལ་ཁབ་ཁག་དང༌། ཚོགས་སྡེ་ཁག མི་མང་བཅས་སྨྲོས་ཅི། རང་དབང་ལུང་པར་གནས་པའི་སྨྲ་བརྗོད་ཀྱི་རང་དབང་ཡོད་པའི་ཤེས་ལྡན་བསམ་ཡོད་རྒྱ་རིགས་སྤུན་ཟླ་མང་ཚོགས་ནས་ཀྱང་སྙིང་རྗེའི་ཡུལདུ་གྱུར་བའི་བོད་མིར་བདེན་པའི་རྒྱབ་སྐྱོར་ཇི་བྱས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ད་དུང་མ་ཤེས་པ་ནི་ཁྱེད་ཚོའི་གནས་ཚུལ་འབྱུང་ཁུང་སྐྱོ་པོ་ཡོད་པའི་རྟགས་རེད། ལྷག་པར་དུ་རྒྱ་རིགས་མང་པོ་ཞིག་གིས་ང་ཚོ་སོག་པོ་དང༌། མན་ཇུ། མོའོའི་དམར་པོའི་སྲིད་གཞུང་བཅས་ཀྱི་སྡུག་རྩུབ་འོག་དཀའ་སྡུག་ཚད་མེད་མྱང་མྱོང་མཁན་གྱི་མི་རིགས་ཤིག་ཡིན་པས། རྒྱ་རིགས་ཚང་མའི་ཚབ་ཞུས་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་དགོངས་གསོལ་ཞུ་རྒྱུ་ཡིན་ཞེས་ཞུས་པ་དེ་ཡིག་ལམ་དུ་གསལ་འཁོད་ཡོད་པ་དེ་དག་ནག་བསུབ་ཏུ་གཏོང་ཐབས་བྱེད་པ་ནི་འུ་ཐུག་གི་བྱ་ལས་ཐ་ཞན་ཞིག་རེད།
ཡང་“ཨ་རིའི་ཧི་མ་ལ་ཡ་ཐེབས་རྩ་ཚོགས་པ་”ཟེར་བ་དེ་རྒྱ་གར་དང་བལ་ཡུལ་ཁུལ་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་ཀྱི་ཆོས་དང་རིག་གཞུང༌། ཤེས་ཡོན། འཚོ་བའི་གནས་སྟངས་བཅས་པར་རོགས་སྐྱོར་བྱེད་མཁན་རོགས་རམ་ཚོགས་པ་ཞིག་རེད། ཚོགས་པ་དེ་ཆབ་སྲིད་ཀྱི་ཚོགས་པ་མ་རེད། དེ་འདྲའི་ཉམ་ཐག་གཞན་ཕན་གྱི་བྱ་བར་འབད་འབུངས་བྱེད་མཁན་གྱི་ཚོགས་པ་ཞིག་ནས་གདན་ཞུ་ཕུལ་བ་ལྟར་ཚོགས་མགོན་དུ་༧ཞབས་སོར་འཁོད་པ་ནི་ཡང་དག་པ་ཞིག་རེད། གནས་ཚུལ་ཆུང་རྩག་དེ་འདྲ་ཙམ་ཞིག་མ་ཤེས་ན་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཞབས་འདྲེན་རེད།
རྒྱ་ནག་གི་ཕྱི་ལ་ཡོད་པའི་རྒྱ་རིགས་སྤུན་ཟླར་འབྲེལ་གཏུགས་གནང་དོན་ནི། སྤྱིར་དམར་པོའི་རྒྱལ་ཁབ་ཁག་ནང་རང་ཉིད་ཀྱི་སྐུབ་སྟེགས་སྲ་བརྟན་གནས་ཐབས་སུ། དམག་དོན་ཕུད། རང་གནོངས་ཀྱིས་རྒྱལ་ཁབ་ཀྱི་འགྲོ་སོང་ཆེ་ཤོས་དྲིལ་བསྒྲགས་ཐོག་བཏང་གི་ཡོད་པ་ནི་ཡོངས་གྲགས་རེད། དེ་ཡང་རྒྱ་ཆེའི་མང་ཚོགས་ལ་རྒྱལ་སྤྱིའི་གནས་ཚུལ་འཕོ་འགྱུར་དང༌། རྒྱལ་སྤྱིའི་གནས་སྟངས་བཅས་པ་ཤེས་སུ་མ་བཅུག་པར་ནག་ཁུང་དུ་བཞག་སྟེ་ཏང་གི་སྲིད་བྱུས་ལངས་ཕྱོགས་ཡང་དག་ཡིན་པའི་དག་ཕུད་སྐྱར་བཤད་ཡང་བཤད་དང༌། སྲིད་གཞུང་གི་ལངས་ཕྱོགས་དང་ཕྱོགས་འགལ་མི་སྣ་དང་སྒྲིག་འཛུགས་ལ་ངོ་རྒོལ་དམའ་འབེབས་དང༌། ནག་མེད་ཀྱི་སྐྱོན་འཛུགས། བསད་བརྡུང་བཙོན་འཇུག དངོས་བྱུང་དྲང་བདེན་གྱི་གནས་ཚུལ་རྣམས་སྦས་ཏེ། ཕུ་དཀྲུག་མདའ་དཀྲུག་གི་འདོད་ཕྱོགས་གཏམ་འཆལ་སྤེལ་བ། རྒྱལ་ནང་དུ་ཁུངས་མ་འཁྱོལ་གྱི་གནས་ཚུལ་ཡོང་སྐབས་མང་ཚོགས་ཀྱི་བསམ་བློ་ཁ་ཕྱོགས་བསྒྱུར་ཐབས་སུ་ཁྱིམ་མཚེས་ཡུལ་ཁག་དུ་དམག་འཁྲུག་བླངས་པ་དེ་དག་གནས་ཚུལ་ཤེས་མཁན་ཞིག་གི་ངོས་ནས་བལྟས་ན་འཆར་ཅན་གྱི་འཁྲབ་སྟོན་ཞིག་ལས་གནས་ཚུལ་གསར་པ་གང་ཡང་མ་རེད།
རྒྱ་ནག་ལ་མཚོན་ན། བོད་ནང་ཞིང་འབྲོག་མི་མང་གི་གནས་སྟངས་འཁོས་ཞན་སྐྱོ་ཐག་ཆོད་ཡོད་ནའང༌། ཕྱི་རྒྱལ་ལྟ་སྐོར་བ་ཡོང་སྐབས་དང༌། གློག་བརྙན་དང་བརྙན་དེབ་ཆེད་དཔར་རྒྱག་སྐབས་བཅས་སུ། ཟློས་གར་བར་འཁྲབ་ཆས་གཡོགས་པ་ལྟར་ཁྲ་ཁྲ་ཟིང་ཟིང་གི་གྱོན་པ་གསར་པ་གཡོགས་ཏེ། “བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་” ཞེས་མགོ་སྐོར་གཏོང་བ་དང༌། ༧གོང་ས་མཆོག་ནས་འདས་པ་དང༌། ད་ལྟ། མ་འོངས་པ་བཅས་པར་དགོངས་པ་རྒྱ་ཆེན་བཞེས་ཀྱིས་སྔར་གྱི་གནས་སྟངས་ཇི་ལྟར་ཡིན་རུང༌། སླད་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་བསྟན་པ་གནང་སྟེ་ལོ་ངོ་ ༣༠ ཡས་མས་སོང་ཡོད་ཀྱང༌། རྒྱ་ཕྱོགས་ནས་རྒྱུན་བསྟུད་རང་སྐྱོན་འགེབས་སྲུང་གི་ཐོག་ནས་ཆེད་མངགས་ཀྱིས་རང་བཙན་དང༌། ཕྱེད་རང་བཙན༌། ངོ་བོ་ གྱུར་བའི་རང་བཙན༌། རྣམ་པ་གྱུར་བའི་རང་བཙན། གབ་པའི་རང་བཙན་སོགས་ཐ་སྙད་འདྲ་མིན་བཏགས་ཏེ། རྒྱ་ནག་མི་མང་མགོ་བོ་རྨོངས་སུ་བཅུག་པའི་སྐྱག་རྫུན་གཅིག་མཇུག་གཉིས་མཐུད་བཤད་ཀྱི་ཡོད་ཙང༌། གང་གི་དགོངས་གཞི་དགོས་པ་དང༌། དམིགས་ཡུལ། མཛད་བྱུས་ལངས་ཕྱོགས། སྔ་ཕྱིའི་བྱུང་རིམ། ལོ་རྒྱུས་སོགས་དངོས་བྱུང་བདེན་པའི་གནས་ལུགས་རང་དབང་ལུང་པར་ཡོད་པའི་ཤེས་ལྡན་རྒྱ་རིགས་བསམ་ཡོད་རྣམས་ལ་གསལ་བཤད་དང་འབྲེལ། སུ་རྫུན་སུ་བདེན་ཞིབ་འཇུག་དགོས་པའི་བསྐུལ་མ་གནང་བར་འགལ་བ་ག་རེ་འདུག དེ་ལྟར་གནང་དགོས་པའང་ཁྱེད་ཅག་གི་ནོར་འཁྲུལ་བྱ་སྤྱོད་ལ་བརྟེན་ནས་བྱུང་བ་གསལ་པོ་ཤེས་དགོས།
ཡང་ཤེས་དགོས་པ་ཞིག་ལ། ༧གོང་ས་མཆོག་རྒྱ་རིགས་སྤུན་ཟླའི་སྒོ་རྩར་ཕེབས་ཏེ་སྒོ་བརྡུང་ནས་འབྲེལ་བ་གནང་བ་ཞིག་མ་ཡིན་པར་རྒྱ་གཞུང་རང་ཉིད་ཀྱིས་རང་གི་མི་མང་ལ་ལོ་ནས་ལོ་བསྟུད་དེ་ངོ་ལྐོག་རྒྱབ་མདུན་གྱི་བྱ་བ་དང༌། སྔོན་བཤད་ཕྱིས་འགལ་གྱི་བྱུང་རབས་ཡིག་ཐོག་དང་གཏམ་བཤད་ནང་ཡོད་པ་ལག་ལེན་ཐོག་ནང་འགལ་བཅས་ཀྱི་བྱེད་སྟངས་ལ་ཡིད་ཆད་ཞེན་པ་གཏིང་ལོག་གིས། ༧རྒྱལ་བའི་མཛད་པར་དཔྱད་ཞིབ་བྱེད་སྐབས་ཡིད་དབང་འཕྲོག་སྟེ་ས་གནས་གང་དུ་བྱོན་ཀྱང་འཚང་ཀ་ཤིག་ཤིག་གི་མཇལ་ཁར་བཅར་བ་དང༌། གསུང་ཆོས་དང་བཀའ་སློབ་ཁག་ཏུ་དགའ་དད་ཀྱི་ངང་རྒྱགས་རང་འཁུར་གྱིས་ངལ་བ་དང་དུ་བླངས་ཏེ་བཅར་བ་ཞིག་ཡིན་པ་ལས། ཁྱེད་ཅག་གི་བྱེད་སྟངས་ལྟར་གླ་བརྔན་དང་གནོན་ཤུགས་སྡིགས་ར་བསྐུལ་ཏེ་སྐོང་འགུགས་བྱས་པ་ཞིག་མིན།
༧གོང་ས་༧སྐྱབས་མགོན་ཆེན་པོས། ལོ་ངོ་ ༥༠ ཡི་རིང་ངས་ཐོག་མཐའ་བར་གསུམ་དུ་རྒྱ་གར་ལ་བརྟེན་ནས་འཚོ་བ་བསྐྱལ་བ་ཡིན་པས། ང་ཡང་“རྒྱ་གར་གྱི་བུ་ཕྲུག་”ཅིག་དུ་གྱུར་ཡོད་གསུང་ཐད། ནང་པའི་བསྟན་པའི་བདག་པོ་༧རྒྱལ་བ་ཤཱཀྱ་ཐུབ་པ་ཡིན་པ་དང༌། དེའི་ཉེ་བའི་སྲས་བརྒྱད་ཀྱི་ནང་ཚན། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཏེ། སྟོན་པའི་ཐུགས་སྲས་༧གོང་ས་ཏཱ་ལའི་བླ་མ་ཡིན་པས་ན། རྒྱ་གར་གྱི་སྲས་སམ། ཁྱེད་ཚོའི་འདོད་པ་ལྟར་བྱས་ན་“རྒྱ་གར་གྱི་བུ་”ཞེས་པར་གོ་ན་འགྲིགས།
ཡང་ན། སྐུ་གཞོན་ནུའི་དུས་རང་གི་ཕ་ཡུལ་བོད་ལྗོངས་སུ་བསླབ་པ་སློབ་གཉེར་གནང་བ་དང་འབྲེལ། ཕྱི་རྒྱལ་བཙན་གནོན་པར་མི་ལོ་དགུའི་རིང་མེས་ཚིག་མེར་གཏུགས་ཀྱི་གདོང་ལེན་གནང་མཐར་འབུ་ཆེས་ཆུང་ཟོས་ཀྱིས་བོད་ཁྱུར་མིད་གཏོང་སྐབས། ཁྱིམ་མཚེས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་ཏེ་འགྱེལ་ས་ནས་ལངས་ཐུབ་པའི་དགོངས་པ་རྒྱ་ཆེ་བཞེས་པ་དང་འབྲེལ། བོད་ཀྱི་ནང་ཆོས་རྒྱ་གར་ནས་དར་ཡང་རྒྱ་གར་རང་ཉིད་དུ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད། བོད་ཡུལ་ནང་ ༡༩༥༩ ལོ་བར་བོད་མིས་ཕ་ཤུལ་བུ་འཛིན་གྱི་ཚུལ་དུ་གཅེས་སྐྱོང་ཉམས་ལེན་བྱས་པ་དེ་དག་ནང་ཆོས་ཐོག་མར་གསར་གཏོད་མཛད་པོ་ཕ་རྒྱལ་བ་༧ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་རྒྱ་གར་འཕགས་པའི་ཡུལ་དུ། ཐུགས་སྲས་༧སྐྱབས་མགོན་ཏཱ་ལའི་བླ་མས་བཀའ་དྲིན་གསབ་པའི་ཀླད་དུ་ནང་ཆོས་དང་འཚེ་མེད་ཞི་བའི་ལྟ་གྲུབ་དར་སྤེལ་གྱིས་ལེགས་སྐྱེས་སུ་ཕུལ་བ་གནང་ཡོད། དེས་ན། དོན་གྱི་ཆ་ནས་རྒྱ་གར་གྱི་སྲས་སུ་ཞལ་བཞེས་པ་ནི་ཡོངས་སུ་དོན་དངོས་དང་མཐུན་པ་ཡིན་པས། གོ་བ་ལོག་སྒྲུབ་ཀྱིས་ལོག་འབྲེལ་བྱེད་པ་དོན་མེད་ཡིན། ༧རྒྱལ་བ་དང་རྒྱལ་སྲས་ཞེས་བརྗོད་དུས། སྤྱིར་བཏང་ཐ་མལ་པའི་ཕ་བུའི་འདུ་ཤེས་ལྟ་བུར་ངོས་འཛིན་བྱས་ན་ནོར་འཁྲུལ་ཡིན་པ་ཤེས་དགོས་ཞེས་ཞོར་འཕྲོས་སུ་བརྗོད་རྒྱུ་དང༌།
༧གོང་ས་མཆོག་ནས་ཞི་བདེ་སྔོན་འགྲོའི་གྲོས་འཆར་ནང༌། “རྒྱ་མི་འབོར་ཆེན་བོད་ནང་གནས་སྤོ་བྱེད་པའི་རྒྱ་ནག་གི་སྲིད་བྱུས་དེས་རྐྱེན་པས། བོད་མིའི་ངོ་བོ་རྩ་་བརླག་ཏུ་འགྲོ་བའི་ཉེན་ཁ་ཡོད་པ་དེ་དག་མཚམས་འཇོག་དགོས་རྒྱུ་” ཞེས་གསུང་པ་ལས། ཁྱེད་ཅག་གིས་རྫུན་སྒྲིག་བྱས་པ་ལྟར་“རྒྱ་མི་ཡོད་ཚད་བོད་ནས་ཕྱིར་འབུད་བྱེད་དགོས་”ཞེས་གསུང་བཤད་དང་ཡིག་ཐོག་ནས་འཁོད་པ་གཏན་ནས་བྱུང་མེད། རྫུན་ཤོད་ཚད་མ་བྱས་ན། རྫུན་རྐུབ་རྡོལ་ནས་ཀྲུང་དབྱང་ངོ་ཚ་པོ་ཆགས་ཉེན་ཡོད། གྲོས་འཆར་འདི་ཡིག་ཐོག་ཡོད་པ་ལ་དགོས་དབང་གིས་སྣོན་འཕྲི་བཟོ་བཅོས་བྱེད་པ་སྲིད་གཞུང་ཞིག་གི་བྱེད་སྟངས་ཨེ་ཡིན།
ཁོང་གིས་དེ་ལྟར་གསུང་དགོས་པ་ནི། ཁོང་ལ་བོད་མི་རིགས་ཆགས་འཇིག་གི་གནས་ལས་སྐྱོབ་རྒྱུའི་འགན་ཁུར་ཡོད་ཙང་གསུང་བ་ཞིག་རེད། རྒྱུ་མཚན་ནི། མན་ཇུ་བ་རྣམས་ལ་རང་གི་རིག་གཞུང་དང་ཐུན་མོང་མ་ཡིན་པའི་གོམས་གཤིས་ཁེ་གཙང་ཡོད་པའི་མི་རིགས་ཤིག་ཡིན་ཡང༌། དེང་སང་སྔོན་ཆད་མན་ཇུ་རི་ཡ་གནས་ཡུལ་དུ་རྒྱ་མི་ས་ཡ་བརྒྱད་ཅུ་སྐོར་གནས་སྡོད་ཡོད་པ་དེས་མན་ཇུའི་ལུང་པར་མན་ཇུ་ག་ཚོད་ལྷག་ཡོད་ལག་པ་སྐྱོང་དང་ཞེས་ལབ་དགོས་པའི་གནས་ཤིག་ཆགས་ཡོད།
རྒྱ་ནག་གིས་ཤིང་ཅང་དུ་འབོད་པའི་ཤར་ཏུར་ཀི་སི་ཐན་ལ་ཆ་བཞག་ན། ཁྱོན་བསྡོམས་མི་འབོར་ས་ཡ་བཅོ་ལྔ་སྐོར་ཡོད་པ་ནས་གསུམ་ཆ་གཉིས་རྒྱ་མི་ཡིན། དེ་བཞིན་ནང་སོག་ལ་ཆ་བཞག་ན། སོག་པོ་ས་ཡ་གཉིས་དང་ཕྱེད་ཀ་ལ། རྒྱ་མི་ས་ཡ་དགུ་སྐོར་ཡོད་པ། དེ་ལྟའི་ཉེན་ཚབས་བོད་ལའང་ཡོང་ཉེན་དུ་གཟིགས་ཏེ་གསུང་ཤོར་བ་ཞིག་རེད། དཔེར་ན། བོད་ལ་མཚོན་ན་ཕྱི་ལོ་བརྒྱད་ཅུའི་ནང་མཚོ་སྔོན་ཁུལ་གྱི་མི་འབོར་བསྡོམས་ཐོ་རྒྱ་ནག་རང་ཉིད་ནས་བཏོན་པའི་ཡིག་ཆའི་ནང་རྒྱ་མི་ས་ཡ་གཉིས་དང་ཕྱེད་ཀ་དང་བོད་མི་འབུམ་བདུན་དང་ལྔ་ཁྲི་ཙམ་ལས་མེད།
དེ་བཞིན་“བོད་རང་སྐྱོང་ལྗོངས་”ཟེར་བའི་ནང་རྒྱ་ནག་རང་གིས་ངོས་ལེན་བྱས་པ་ལྟར་ན། བོད་མི་ས་ཡ་གཅིག་དང་འབུམ་དགུ་ལས་མེད་པ་དེས་བོད་ཡུལ་དུ་བོད་མི་གྲངས་ཉུང་མི་རིགས་ཤིག་ཏུ་བསྒྱུར་ཟིན་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་མིའི་མི་འབོར་ཁོངས་དཔུང་དམག་འབུམ་གསུམ་སྐོར་དང༌། ཁམས་དང་ཨ་མདོའི་ནང་འབུམ་གཉིས་བཅས་ཁྱོན་བསྡོམས་འབུམ་ལྔ་ལས་བརྒལ་བ་ཡོད་པ་དེ་དག་ཚུད་མེད་པ་རེད།
བོད་ཀྱི་མི་འབོར་ས་ཡ་དྲུག་ནས་གཅིག་ལྷག་རྒྱ་དམར་བོད་སར་འཛུལ་བ་ནས་སྲོག་སྐྱོན་ཤོར་ཡོད༌། དེ་བཞིན་གོང་གསལ་ཞི་དྲག་གི་མི་འབོར་གནས་སྤོ་བྱེད་མུས་འདིས་མི་རིང་བར་བོད་ཡུལ་རྒྱ་ཡུལ་དུ་འགྱུར་ཉེན་ལ་གཟིགས་ཏེ་བོད་མི་རྣམས་མི་སྡེའི་སྤྱི་ཚོགས་ཤིག་ཏུ་འཚོ་གནས་ཐུབ་ཐབས་སུ་རྒྱ་མི་འབོར་ཆེན་གནས་སྤོ་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་བསྐུལ་གནང་དགོས་བྱུང་བ་རེད།
ལྷག་དོན། རྒྱ་ནག་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རེད། ༡༩༤༩ ལོའི་འཇིན་ནི་ཝའི་གྲོས་མཐུན་ཐེངས་བཞི་པའི་འབྲུ་དོན་ལྟར། ཐུན་མོང་མ་ཡིན་པའི་མི་རིགས་ཐ་དད་དུ་གནས་པའི་ཡུལ་ལུང་ནང༌། མི་སེར་སྤེལ་ཡུལ་གྱི་ལས་འགུལ་བརྩམས་པ་དེ་ཡོངས་སུ་རྩ་འགལ་དུ་གྱུར་པ་ཞིག་ཡིན། ༡༩༨༠ ལོའི་ཕྱི་ཟླ་ ༥ པའི་ནང༌། རྒྱ་ནག་གི་དབུ་ཁྲིད་ཧུ་ཡའུ་པང་བོད་ནང་བལྟ་སྐོར་དུ་བསྐྱོད་དེ་གནས་སྟངས་ཞིབ་འཇུག་གནང་རྗེས། བོད་ཡུལ་དུ་རྒྱ་མིའི་ལས་བྱེད་གཙོ་གྱུར་མི་འབོར་ཁྱོན་ཆེ་སྤོ་ཞུགས་བྱས་པར་ཧང་སང་ཏེ་ལོ་ལྔའི་ནང་ཚུད་རྒྱ་རིགས་རྒྱ་ཆ་ ༨༥ ཕྱིར་འཐེན་དགོས་པའི་གསལ་བསྒྲགས་གནང་བ་དེ་ནས་སྐབས་དེར་བོད་དུ་རྒྱ་མི་ཞི་དྲག་མི་འབོར་ཇི་ཡོད་རྟོགས་ཐུབ་པ་ཞིག་རེད། དེ་བཞིན་དེ་སྔ་མོའོ་ཙེ་ཏུང་གིས་བོད་ཀྱི་དཀའ་ངལ་སེལ་མཚམས་རྒྱ་མི་སྡོད་རོགས་ཟེར་ཡང་སྡོད་ཀྱི་མ་རེད། ཅེས་བཤད་མྱོང་ཡོད་པ་དེ་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད།
“ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་”ཟེར་བའི་ཐད་རྗེས་སུ་ལན་འདེབས་ཟུར་དུ་ཞུ་གི་ཡིན།།

དམིགས་བསལ་དཔྱད་རྩོམ།

༄༅།།བོད་རྒྱ་འབྲེལ་མོལ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་བཅས་སྐོར་ཡག་པོ་ཤེས་རྒྱུ་ནི་བོད་དོན་ལས་འགུལ་ནང་མཚོན་ན་དོན་གནད་གལ་ཆེན་ཞིག་རེད། དེ་བས་ཀློག་པ་པོ་དང་བོད་དོན་ལ་ཐུགས་སྣང་གནང་མཁན་རྣམ་པ་ཚོའི་ཁྲོད་དུ་གོང་ཞུས་ཀྱི་གནས་ཚུལ་སྐོར་ཕན་ཚུན་གོ་རྟོགས་དང་དགོངས་ཚུལ་རྗེ་རེས་ཡོང་ཆེད། ང་ཚོའི་དྲྭ་ཐོག་ཏུ་བོད་དོན་ལ་རྒྱུས་ལོན་དང་ཤེས་རྟོགས་མི་དམན་པ་ལྡན་པའི་ཆེས་ལས་མི་སྣས་བྲིས་གནང་བའི་དཔྱད་རྩོམ་སྤེལ་ས་འདི་གསར་སྣོན་བྱས་པ་ཡིན།ད་ནས་གཟུང་ཆེས་ལས་མི་སྣ་ནོར་བུ་དོན་ལྡན་ལགས་ཀྱི་དཔྱད་རྩོམ་དུས་ཚོད་ངེས་ཅན་ནང་དྲྭ་ཐོག་ཏུ་འགོད་ཀྱི་ཡིན་ཞུ། ཀློག་པ་པོ་རྣམ་པ་ཚོ་ལ་ཕན་ནུས་རེ་ཡོང་བའི་རེ་བ་ཞུ་བ་དང་ཆབས་ཅིག་ཏུ།ཁྱེད་རྣམ་པས་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།།

རྩོམ་དང་པོ། ༄༅།། ལོག་སྨྲ་ཚར་གཅོད།།

« Previous Entries

Powered by Wordpress | Designed by Elegant Themes