༄༅།།བོད་རྒྱ་འབྲེལ་མོལ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་བཅས་སྐོར་ཡག་པོ་ཤེས་རྒྱུ་ནི་བོད་དོན་ལས་འགུལ་ནང་མཚོ་ན་དོན་གནད་གལ་ཆེན་ཞིག་རེད། དེ་བས་ཀློག་པ་པོ་དང་བོད་དོན་ལ་ཐུགས་སྣང་གནང་མཁན་རྣམ་པ་ཚོའི་ཁྲོད་དུ་གོང་ཞུས་ཀྱི་གནས་ཚུལ་སྐོར་ཕན་ཚུན་གོ་རྟོགས་དང་དགོངས་ཚུལ་རྗེ་རེས་ཡོང་ཆེད། ཉེ་ཆར་ནས་ང་ཚོའི་དྲྭ་ཐོག་ཏུ་བོད་དོན་ལ་རྒྱུས་ལོན་དང་ཤེས་རྟོགས་མི་དམན་པ་ལྡན་པའི་ཆེས་ལས་མི་སྣ་ནོར་བུ་དོན་ལྡན་ལགས་ཀྱི་བྲིས་གནང་བའི་དཔྱད་རྩོམ་སྤེལ་ས་འདི་གསར་སྣོན་བྱས་པ་ཡིན།ཁོང་གི་རྩོམ་དུས་ཚོད་ངེས་ཅན་ནང་དྲྭ་ཐོག་ཏུ་འགོད་ཀྱི་ཡིན་ཞུ། ཀློག་པ་པོ་རྣམ་པ་ཚོ་ལ་ཕན་ནུས་རེ་ཡོང་བའི་རེ་བ་ཞུ་བ་དང་ཆབས་ཅིག་ཏུ། ཁྱེད་རྣམ་པས་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།།
༧༧༎ སྔ་ལོ་ ༢༠༠༩ ཟླ་ ༡༢ པའི་ཚེས་ ༢༩ ཉིན་ ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་ནང་མངོན་གསལ་མེད་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགྲིན་ཚབ་པ་ཡེ་རྡོར་ཞེས་པའི་མིང་ཐོག་གི་རྩོམ་ཡིག་སྤྱི་ཡོངས་ལ་གསལ་བཤད་སྔོན་དུ་ཟིན་ནའང་། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་བོད་འདི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཞེས་ཧམ་བཤད་བྱས་པ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པ་ཞིག་རེད། གནའ་སྔ་མོ་ནས་ཞེས་པ་དེ་ནི་དུས་ཚོད་ངེས་གཏན་མེད་པའི་བརྗོད་ཚིག་ཅིག་རེད་། བོད་ནི་ཆོས་དང་རིག་གཞུང་། སྐད་ཡིག། ཡུལ་གོམས་གཤིས་ལུགས། ས་ཆའི་གནས་བབས། རྒྱལ་རབས་ལོ་རྒྱུས་སོགས་གང་གི་ཆ་ནས་རྒྱ་ནག་དང་ལོགས་སུ་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན། དེ་འདྲ་སོང་ཙང་བོད་རྒྱ་ཁོངས་སམ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། རྒྱ་ཕྱོགས་ནས་ལོ་རྒྱུས་ཁུངས་སྐྱེལ་མ་ཐུབ་སྟབས་གནའ་སྔ་མོ་ནས་བོད་རྒྱ་ཁོངས་རེད་ཅེས་མུན་ནག་འདོམ་འཇལ་གྱིས་སྐད་ཅོར་ཡང་ཡང་རྒྱག་པ་ནི་འུ་ཐུག་གི་བྱེད་སྟངས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད།
བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱལ་རབས་ལོ་རྒྱུས་སྐོར། འདས་པའི་གནས་ཚུལ་ལོ་རྒྱུས་སྨྲ་བ་པོར་ཐག་གཅོད་བྱེད་རྒྱུར་བཞག་སྟེ་གཙོ་བོ་མ་འོངས་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་བསམ་གཞིགས་དགོས་པ་དང་། དེ་ཡང་བོད་རྒྱ་གཉིས་སྨན་དབུ་མའི་ཐབས་ལམ་ཐོག་ནས་སེལ་ཐབས་དགོངས་བཞེས་ཐག་གཅོད་ཡོངས་ཁྱབ་གནང་བ་ལྟར་འབད་བརྩོན་ཤུགས་སྣོན་གནང་མུས་ལ་བོད་རིགས་ཕལ་མོ་ཆེས་ཐབས་ལམ་དེ་རང་ཐོག་འགྲོ་རྒྱུར་མོས་མཐུན་འདེམས་ཁ་དང་རྒྱབ་སྐྱོར་བྱེད་མུས་བཞིན་འགྲོ་མུས་ཡིན། འོན་ཀྱང་རྒྱ་ཕྱོགས་ནས་མི་བདེན་རྫུན་སྒྲིག་གིས་ཡང་ཡང་འཁྱོག་བཤད་བྱེད་སྟངས་ལ་གཞིགས་ཏེ་སྔར་བོད་རང་བཙན་ཡིན་པའི་གནས་ལུགས་གསལ་བཤད་ཐུང་ཙམ་བྱ་རྒྱུ་གནད་འགག་ཏུ་མཐོང་བྱུང་། དེ་ཡང་རྒྱལ་རབས་ལོ་རྒྱུས་གཞི་ལ་བཞག་པའི་ཐོག་ཁུངས་སྐྱེལ་གྱི་རྒྱུ་མཚན་བརྒྱ་ཕྲག་བགྲང་རྒྱུ་ཡོད་ཀྱང་འདིར་རྒྱ་ཕྱོགས་རང་ཉིད་ནས་བར་སྐབས་བཤད་པའི་གཏམ་བཤད་དང་རྩོམ་བྲིས་ཁག་ལ་གཙོ་བོར་དམིགས་ཏེ་ལན་འདེབས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༤༩ ལོར་གསར་དུ་བཙུགས་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ “བཅིངས་འགྲོལ་དམག་” ཟེར་བས་བོད་དུ་བཙན་འཛུལ་བྱེད་སྐབས་བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་གཙང་མ་ཞིག་ཏུ་གནས་ཡོད། ལོ་རྒྱུས་ཐོག་སྐབས་འགར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་བོད་ཀྱི་ཤུགས་རྐྱེན་སླེབས་པ་དང་། སྐབས་འགར་བོད་རང་ཉིད་སོག་པོ་དང་། གྷོརྵ། མན་ཇུ། རྒྱ་གར་དབྱིན་གཞུང་བཅས་ཀྱི་ཤུགས་རྐྱེན་འོག་ཚུད་པའང་བྱུང་ཡོད། ཁུངས་ལྡན་ཁྲིམས་ལུགས་དཔྱད་གཞིའི་ཡིག་ཆ་ཁག་གི་ནང་། རྒྱལ་ཁབ་གཞན་གྱི་དབང་བསྒྱུར་འོག་འཚུད་པ་ཙམ་གྱིས་རང་བཙན་གྱི་ཐོབ་ཐང་རྩ་བརླག་ཏུ་ཕྱིན་མེད་པ་གསལ་པོ་བསྟན་ཡོད།
ཐག་ཉེ་ཤོས་ལ་བལྟས་ན། ༡༩༦༢ ལོར་རྒྱ་དཀར་ནག་དབར་དམག་འཁྲུག་བྱུང་བ་དེ་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིན། གང་ཡིན་ཟེར་ན། རྒྱ་དཀར་ནག་དབར་སྲིད་པ་ཆགས་པ་ནས་བཟུང་ས་མཚམས་མེད་སྟབས་དམག་འཁྲུག་བྱུང་མྱོང་མེད། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་འོག་ཏུ་འཚུད་རྗེས་རྒྱ་དཀར་ནག་དབར་ས་མཚམས་སྐོར་ཐད་ཀར་དམག་འཁྲུག་བྱུང་བ་ཐེངས་དང་པོ་རེད།
རྒྱ་རིགས་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བཙུན་མོར་བཞེས་པ་ནས་བཟུང་རྒྱ་བོད་དབར་གྱི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ནས་བོད་ཀྲུང་གོའི་མངའ་ཁོངས་འགྱུར་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད། ཆོས་རྒྱལ་སྲོང་བཙན་གྱིས་ཐང་རྒྱལ་རབས་ཀྱི་ཐའི་ཙུང་གི་སྲས་མོ་རྒྱ་བཟའ་ཀོང་ཇོ་བཙུན་མོར་བཞེས་རྗེས་ཐང་བོད་ཀྱི་འབྲེལ་བ་ཟབ་ཏུ་སོང་ཡོད་ཀྱང་། བོད་ཀྲུང་གོའི་མངའ་ཁོངས་སུ་འགྱུར་བ་རེད་ཟེར་བ་བདེན་པ་མིན། གང་ཡིན་ཟེར་ན། ཆོས་རྒྱལ་སྲོང་བཙན་གྱི་བཙུན་མོ་དང་པོ་བལ་བཟའ་རེད། བལ་བཟའ་ནི་བཙུན་མོའི་ནང་གཙོ་བོ་ཡིན་སྟབས་བལ་བཟའ་ཁྲི་བཙུན་ཞེས་གསོལ་བ་རེད། གལ་ཏེ་གོང་དུ་བཤད་པའི་རྒྱུ་མཚན་ལྟར་ཡིན་ན་བོད་འདི་བལ་པོའི་ཁོངས་སུ་གཏོགས་པ་ཡིན་པས་འདི་ལ་འགྲེལ་བཤད་གང་འདྲ་གནང་རྩིས་ཡིན་ནམ།
ཡང་། ཡོན་ནམ་ཧོར་གོང་མ་ཇིང་གྷིར་སེ་ཁན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཀྱཻ་རྡོར་གྱི་དབང་ཐེངས་གསུམ་བསྐུར་བ་ནས་རིམ་པ་བཞིན་བོད་ཁྲི་སྐོར་བཅུ་གསུམ་དང་། ཆོལ་ཁ་གསུམ། རྒྱའི་མི་ཡུར་ཆེན་མོ་སོགས་ཕུལ་བའི་རྒྱུ་མཚན་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་ཡོད། གསལ་པོ་མཁྱེན་དགོས་པ་ཞིག་ལ་སོག་པོ་དང་། རྒྱ་གཉིས་ཁག་ཁག་སོ་སོ་རེད། སོག་པོས་དེ་ལྟར་ཕུལ་བར་རྒྱ་མིས་ངོ་གསོ་འཁྱེར་དོན་གང་ཡིན་ནམ། གལ་ཏེ་སོག་པོ་རྒྱ་ནག་གི་ཁོངས་སུ་རྩིས་ཀྱི་ཡོད་ན། སྐབས་དེར་དབང་ཡོན་ཕུལ་མཁན་སོག་པོའི་གོང་མ་ད་ལྟ་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ཕྱི་སོག་ཡིན་པས་ཕྱི་སོག་ཀྱང་ཀྲུང་གོའི་ཆ་ཤས་ཡིན་ཟེར་དགོས་པས་དེ་ལྟར་བཤད་པའི་གདེང་ཚོད་དང་སྤོབས་པ་ཡོད་དམ།
ཕྱོགས་གཞན་ཞིག་ནས་བཤད་ན། ཕྱི་ལོ་ ༡༢༠༠ ལོ་ཙམ་དུ་བོད་ཀྱི་བྱང་ཤར་དང་། ནུབ་བྱང་སོགས་ཀྱི་ས་མཚམས་ཡས་མས་སུ་སོག་པོ་ཇིང་གྷིར་སེ་ཁང་གི་དྲག་པོའི་དཔུང་ཤུགས་སླེབས། དེ་རྗེས་ཕྱི་ལོ་ ༡༢༠༡ ལོར་བོད་ནང་སོག་པོའི་དམག་དཔུང་བཤམས། དེ་བཞིན་ཕྱི་ལོ་ ༡༢༤༠ ལོར་གོ་དན་གྱི་བློན་པོ་དོར་རྟ་ནག་པོས་བོད་ལ་དམག་དྲངས་ཏེ་སོག་དམག་ལ་རྒོལ་ལན་སྤྲོད་མཁན་བོད་མི་ཁྲི་ཚོ་མང་པོ་རྐྱེན་ལམ་དུ་བཏང༌། དགོན་གྲྭ་གཏོར་བཤིག་གིས་རྟེན་གསུམ་དང་། བོད་མིའི་ཟས་གོས་སྒོ་ཕྱུགས་སོགས་རྒྱུ་དངོས་མང་པོ་འཕྲོག་བཅོམ་བྱས་པ་སོགས་སྐབས་དེ་དག་ཏུ་བོད་པ་རྣམས་ལ་ཧོར་དམག་བཙན་འཛུལ་པའི་ཁྲག་དྲི་བྲོ་བའི་སྡུག་བསྔལ་བཟོད་བླགས་མེད་པ་མྱངས་དགོས་བྱུང་ཡོད། གལ་ཏེ་རྒྱ་ཕྱོགས་ནས་བཤད་པ་ལྟར་སོག་པོ་དང་། རྒྱ་མི་གཉིས་གཅིག་པ་ཡིན་ན་། བོད་དུ་བསད་བཟུང་གཏོར་བཅོམ་བྱས་པའི་ལག་དམར་གྱི་བྱས་ཉེས་ཀྱང་ཀྲུང་གོས་འཁྱེར་རྒྱུ་ཡིན་ནམ། སོག་དམག་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་བོད་འདི་རྒྱའི་མངའ་འོག་ཏུ་འདུ་དགོས་པའི་འགྲེལ་བཤད་བྱེད་པ་དེ་ནི་དྲག་ཤུགས་ཀྱིས་གཞན་སར་བཙན་འཛུལ་བྱས་པ་དྲང་བདེན་དུ་ཁས་ལེན་དགོས་ཟེར་བ་མ་ཡིན་ནམ། གལ་ཏེ་དེ་འདྲ་ཡིན་དགོས་ན། སྐབས་དེ་དུས་ཧོར་ཇིང་གྷིར་སེ་ཁང་དང་། ཨོ་གོ་ཏའི། གོ་དན།
ཀུབ་ལའི་ཁང་ངམ་སེ་ཆེན་རྒྱལ་པོ་སོགས་ཀྱིས་ཉི་ཧོང་དང་། ཀོ་རི་ཡ། ཨུ་རུ་སུ། ཨི་རག་སོགས་ཉེ་འབྲེལ་རྒྱལ་ཁབ་མངའ་དབང་དུ་འཇུག་རྗེས་ཡུ་རོབ་དང་། ཨེ་ཤ་ཡའི་ས་ཆ་མང་པོ་བཟུང་བ་དེ་དག་ཀྱང་རྒྱའི་མངའ་འོག་ཏུ་འདུས་དགོས་པ་མ་ཡིན་ནམ།
འཆར་ཅན་རྒྱ་ཕྱོགས་ནས་སོག་དམག་བོད་དུ་སླེབས་པ་དང་། བོད་སོག་མཆོད་ཡོན་འབྲེལ་ལམ་ཆགས་པ་དེ་དག་ཁ་ལ་འཁྱེར་ནས་རྒྱ་མི་བོད་ཀྱི་བདག་པོར་འདོད་ན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གིས་རྒྱའི་ས་ཁོངས་མང་ཆེ་བར་དཔུང་འཇུག་བྱས་ཏེ་སྲིད་དང་དཔལ་འབྱོར་གང་ཐད་དབང་བསྒྱུར་བྱས་པ་མ་ཟད་རྒྱའིབྱང་ཤར་ས་ཁུལ་དུ་ཉི་ཧོང་གིས་སྲིད་དབང་འཛིན་པའི་རྟེན་གཞི་དང་། བཟོ་གྲྭ་། སློབ་གྲྭ་སོགས་བཙུགས་ཏེ་ཉི་ཧོང་གི་དབང་འོག་བསྡུས་པ་དེ་ཡང་དྲང་བདེན་གྱི་བྱ་སྤྱོད་གཅིག་དང་། ཁུལ་དེའི་བདག་པོ་ཉི་ཧོང་ཡིན་པར་ཁས་མ་བླངས་རང་བླངས་མ་ཡིན་ནམ།
ཕྱི་ལོ་ ༡༨༤༠ ལོ་ནས་ ༡༩༡༩ ལོ་ཡས་མས་བར་ཉི་ཧོང་དང་། ཨུ་རུ་སུ། དབྱིན་ཇི་སོགས་རྒྱལ་ཁབ་བརྒྱད་ཀྱི་མནའ་འབྲེལ་དམག་དཔུང་གིས་རྒྱ་ནག་གི་ས་སྡེ་མང་པོ་བཟུང་སྟེ་རྒྱ་མི་རྣམས་བྲན་གཡོག་ལ་བཀོལ་བའི་བཙན་འཛུལ་གྱི་བྱ་སྤྱོད་དེ་ཡང་ལུགས་མཐུན་ཞིག་དང་། རྒྱའི་ས་ཆ་རྣམས་ཀྱང་རྒྱལ་ཁབ་དེ་དག་ལ་དབང་བ་མ་ཡིན་ནམ།
རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱིས་རང་གི་ས་ཆར་དམག་དྲངས་པ་ལ་བཙན་འཛུལ་གྱིས་དཔུང་འཇུག་བྱས་བྱུང་ཞེས་སྡུག་སྐད་ཚད་མེད་རྒྱག་པ་དང་། སོག་པོ་དང་མན་ཇུ། རྒྱ་དམར་རང་ཉིད་ཀྱིས་བོད་སར་དམག་དྲངས་ཏེ་བོད་མི་གསོད་བརྡུང་བཙན་བཟུང་དང་། བོད་ཡུལ་གཏོར་བཅོམ་བྱས་པ་དེ་དྲང་བདེན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་རེད་ཅེས་ཧམ་རྩོད་བྱེད་པ་རིག་པ་དང་མི་འགལ་ལམ།
གོ་བདེ་བའི་ཐོག་ནས་བཤད་ན། དཔེར་ན། ཕ་བརྒྱུད་བུ་བརྒྱུད་ཀྱིས་ལོ་བརྒྱ་ཕྲག་མང་པོ་ཁྲིམས་མཐུན་བདག་ཏུ་བཟུང་བའི་ཁྱིམ་ཚང་དེའི་ནང་མི་རྣམས་ཇག་པས་ཉེས་བརྡུང་བཏང་སྟེ་སྤྲང་པོ་ལྟར་ཕྱིར་བཏོན་ཏེ་ཁྲིམས་མེད་བཙན་འཛུལ་བས་ངན་བྱས་ངོ་རུ་འཁྱེར་ནས་ང་ཚོས་བཙན་འཛུལ་གྱིས་ཁང་པ་འདི་བདག་བཟུང་བྱས་པ་ཡིན་པས། ཁང་པ་འདི་ང་ཚོར་བདག་པ་རེད་ཅེས་ངོ་ཚ་ཁྲེལ་མེད་ཀྱི་ཧམ་བཤད་བྱས་ན། ཁྲིམས་མཐུན་ལུགས་མཐུན་ཞིག་དང་། དྲང་བདེན་ཞིག་ལ་ངོས་འཛིན་ཐུབ་ཀྱི་རེད་དམ།
ཡང་། རྒྱ་ཕྱོགས་ནས་ས་སྐྱ་པཎ་ཌི་ཏས་སོག་པོར་མགོ་བཏགས་པ་དེ་ནས་བཟུང་བོད་འདི་ཡོན་ནམ་སོག་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་གྱུར་པ་རེད་ཟེར་བའི་ཐད། གཅིག་ནས་ས་པཎ་སྐབས་དེའི་དཔལ་ས་སྐྱ་པའི་ཆོས་རྒྱུད་འཛིན་པའི་དབུ་འཛིན་དང་། མཁས་པའི་དབང་པོ་ཞིག་ཡིན་པ་ལས། ཁོང་ལ་བོད་སྤྱི་པའི་ཚབ་གནང་རྒྱུའི་སྲིད་ཀྱི་དབང་ཆ་གང་ཡང་མེད་པས་བོད་ཡུལ་སོག་པོར་འབུལ་ག་ལ་ཤེས། ཕྱི་ལོ་ ༡༢༤༧ ལོར་ས་པཎ་སོག་ཡུལ་དུ་ཞབས་སོར་འཁོད་རྗེས་བོད་དུ་ཕྱག་བྲིས་གནང་བའི་ནང་། ཧོར་པ་དྲག་ཤུགས་ཆེ་བས་བོད་ཕྱོགས་ནས་འགྲོ་བཟོ་སྡོད་མཁས་མ་བྱུང་ན་བཙན་འཛུལ་གྱིས་གཏོར་སྐྱོན་གང་མིན་ཡོང་དྭོགས། ངེད་ལ་ལེགས་ཉེས་ཅི་བྱུང་ཡང་འགྱོད་པ་མེད་ཅེས་གཞན་དབང་དུ་གྱུར་པའི་བརྡ་སྟོན་མཛད་དེ་དོན་སྙིང་མཛད་དཀའ་དང་། དངངས་སྐྲག་གི་རྣམ་པ་བསྟན་པ་འདི་ནས། སྐྱེས་བུ་ཆེན་པོས་བོད་སྤྱི་དོན་གྱི་ཆེད་དུ་རང་གི་བདེ་སྡུག་སྣང་མེད་དུ་འཇོག་པའི་དགོངས་པ་མཚོན། གཉིས་ནས་ས་པཎ་བཞུགས་སྐབས་ཡོན་རྒྱལ་རབས་བཙུགས་མེད།
བོད་དང་རྒྱ་ནག་གཉིས་མཆོད་ཡོན་གྱི་འབྲེལ་བའི་རྨངས་གཞིའི་ཐོག་ཁྱིམ་མཚེས་རྒྱལ་ཁབ་སྤྱི་མཚུངས་སྐབས་རེ་ཕན་ཚུན་རྒོལ་འཛིངས་དང་། སྐབས་རེ་ཕན་ཚུན་རོགས་སྐྱོར་བྱས་པའང་བྱུང་ཡོད། དཔེར་ན། སོགས་པོས་རྒྱ་ལ་ཡང་ཡང་རྒོལ་འཛིངས་བྱེད་སྐབས་རྒྱ་ནག་གོང་མས་སོག་པོས་བོད་ཀྱི་བླ་ཆེན་༧རྒྱལ་བ་རིན་པོ་ཆེར་དད་གུས་དང་། ཡིད་ཆེས་དཔག་མེད་བྱེད་ཀྱི་ཡོད་པར་བརྟེན། ༧རྒྱལ་བ་རིན་པོ་ཆེ་བརྒྱུད་སོག་པོས་རྒྱ་མིས་བསུན་བརྩེར་མི་ཡོང་བའི་ཐབས་ཤེས་གཏོང་བ་དང་། གྷོར་བོད་དམག་འཁྲུགས་སྐབས་རྒྱའི་གོང་མས་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བའི་ཐོག་བོད་འདི་རྒྱ་མིའི་ཁྱིམ་མཚེས་རྒྱལ་ཁབ་ལ་བརྟེན་དེ་ལ་བདེ་འཇགས་མ་བྱུང་ན་རང་ཉིད་ལའང་མི་བདེ་བ་བྱུང་དྭོགས་སོགས་ཀྱིས་དགོས་པ་གནད་འགག་ལ་བསམ་ནས་དམག་རོགས་བཏང་བ་ལྟ་བུ་རྣམ་པ་མི་འདྲ་བ་མ་གཏོགས་ངོ་བོ་གཅིག་གྱུར་རེད།
ཡང་། རྒྱ་ཕྱོགས་ནས་གྷོར་བོད་དམག་འཁྲུགས་སྐབས་རྒྱ་ནག་གིས་བོད་དུ་དམག་རོགས་བཏང་བ་རྒྱུ་མཚན་དུ་བྱས་ནས་བོད་རྒྱ་ཁོངས་ཡིན་པའི་འགྲེལ་བཤད་བྱེད་པར་རྒྱུ་མཚན་སྤུ་ཙམ་མེད། དཔེར་ན། རྒྱ་དམར་རང་ཉིད་ཀྱིས་ཕྱི་ལོ་ ༡༩༥༠ ནས་ ༡༩༥༣ བར་ཀོ་རི་ཡ་ལྷོ་བྱང་དམག་འཁྲུག་སྐབས་བྱང་མར་གོ་མཚོན་དང་། དམག་རོགས་བཏང་ཡོད་པས་ཀོ་རི་ཡ་བྱང་མ་རྒྱའི་འོག་ཡིན་ཟེར་བ་ཨེ་རེད།
ཕྱི་ལོ་ ༡༩༤༥ ལོར་ཨུ་རུ་སུས་རྒྱ་ནག་ལ་དམག་རོགས་འབོར་ཆེན་བཏང་སྟེ་རྒྱའི་བྱང་ཤར་ས་ཁུལ་གྱི་ཉི་ཧོང་དམག་གཏོར་ཏེ་ཁུལ་དེའི་མི་མང་བཙན་འཛུལ་དམག་གི་འཛིན་པ་ལས་སྐྱབས་ཡོད་པས་ས་ཁུལ་དེ་དག་ཨུ་རུ་སུའི་ས་ཁོངས་ཡིན་ཟེར་ཐབས་མེད་པ་ལྟ་བུ་རེད། དེ་དང་དེ་འདྲའི་དཔེ་དོན་གྲངས་ཀྱི་མི་ལངས་པ་ཡོད།
གཞན་ཡང་བོད་དབྱིན་ཟིང་འཁྲུག་གི་ལོ་རྒྱུས་ལ་གཟིགས་ན། ཕྱི་ལོ་ ༡༨༨༨ ལོར་དབྱིན་ཇིའི་དམག་གིས་ལུང་ཐུར་ལ་དཔུང་འཇུག་དང་། ཕྱི་ལོ་ ༡༩༠༣ ལོར་གམ་འབྲས་མཐའ་མཚམས་སུ་དཔུང་འཇུག་བྱས་པ། ཕྱི་ལོ་ ༡༩༠༤ ལོར་དབྱིན་དམག་གིས་ལྷ་སར་དཔུང་འཇུག་བྱས་པ་སོགས་ཀྱི་གཡུལ་འགྱེད་རིམ་པའི་ནང་། རྒྱ་ཁོངས་རྒྱ་ནག་ཡིན་པའི་རྒྱ་མི་གཅིག་ཀྱང་དབྱིན་འགོག་དམག་འཐབ་ནང་ཞུགས་མེད་ལ། བོད་གཞུང་ནས་ཀྱང་རྒྱ་ནག་ཕྱི་རྒྱལ་བའི་ཁོངས་སུ་བཞག་སྟེ་དམག་སྐུལ་གནང་བ་མེད།
དེ་ལྟར་ཕྱི་ལོ་ ༡༨༨༨ ནས་ ༡༩༠༤ བར་དབྱིན་ཇིས་བོད་ལ་བཙན་འཛུལ་རིམ་པ་བྱས་སྐབས་མན་ཆིན་གོང་མས་བོད་ལ་དམག་རོགས་བཏང་མེད་པ་མ་ཟད་བོད་སྡོད་ཨམ་བྷན་ནས་བོད་དབྱིན་གཡུལ་འགྱེད་བྱེད་པ་ནི་རྒྱ་དང་འབྲེལ་བ་མེད་པའི་བསམ་བློ་འབའ་ཞིག་བཅངས་ཏེ། ཕྱི་ལོ་ ༡༩༠༤ ཕྱི་ཟླ་དྲུག་པའི་ཚེས་ ༢༢ ཉིན་དབྱིན་ཇིའི་བཙན་འཛུལ་དམག་དཔུང་ལྷ་སར་འབྱོར་ཉིན་ལྷ་སྡོད་ཨམ་བྷན་ཡུའུ་ཐའེ་ངོ་ལས་ནས་འབྲས་དང་། གྲོ་ཞིབ་དོ་གྲངས་མང་པོ་དང་། གཡག་ལུག་ཀྱང་ཕོན་ཆེ་འཁྲིད་དེ་སྣེ་ལེན་ཐོག་དབྱིན་ཇིའི་དཔུང་དམག་ཡོངས་ལ་ཉིན་གཉིས་ཀྱི་གསོལ་སྟོན་བཤམས་པ་རེད། དེ་ནི་བོད་སྡོད་ཁ་ཆེ་དང་། བལ་པོ། འབྲུག་པ། སོག་པོ། ཤར་ཏུར་ཀི་སི་ཐན་སོགས་གཅིག་མཚུངས་བོད་སྡོད་རྒྱ་མི་ཚོས་ཀྱང་བོད་དབྱིན་དམག་འཁྲུགས་ནི་རྒྱ་དང་འབྲེལ་མེད་ཁོ་ནར་བསམ་པའི་བློ་ཞིག་རང་བཞིན་དུ་སྐྱེས་ཀྱི་རེད། འོན་ཀྱང་དེང་སང་རྒྱ་དམར་གྱིས་དེ་དུས་ཆིངས་རྒྱལ་རབས་རུལ་སུངས་ཉམས་ཞན་དུ་གྱུར་ནས་བོད་ལ་དམག་རོགས་གཏོང་རྒྱུའི་ནུས་པ་མེད་པ་རེད་ཅེས་ཧམ་རྩོད་བྱེད་པ་ནི་བདེན་པས་ཕོངས་པའི་གཏམ་ཁོ་ནར་ཟད། གང་ཡིན་ཟེར་ན། དབྱིན་དམག་ལྷ་སར་སླེབས་ནས་ལོ་དྲུག་གི་རྗེས་ཆིང་རྒྱལ་རབས་རྩ་འཐོར་སོང་ཉེའི་སྔ་ལོ་སྟེ་ཕྱི་ལོ་ ༡༩༡༠ ལོར་མན་ཆིང་གོང་མས་བོད་ལ་ཨུའུ་ཅུན་རྟ་དམག་ཉིས་སྟོང་བཏང་སྟེ་བཙན་འཛུལ་བྱས། རྒྱ་དམག་གིས་ལམ་བར་བོད་མི་དམར་གསོད་དང་། རྒྱུ་དངོས་འཕྲོག་བཅོམ། དགོན་པ་མེར་བསྲེགས་གཏོང་བཞིན་ལོ་དེའི་ཕྱི་ཟླ་གཉིས་པའི་ཚེས་ ༡༢ ཉིན་ལྷ་སར་འབྱོར། བོད་ཆོས་སྲིད་གཉིས་ཀྱི་གཙོ་འཛིན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་དགོས་བྱུང་། གནད་དོན་འདིས་ཆིང་གོང་མ་རུལ་སུངས་སུ་གྱུར་ནས་བོད་ལ་དབྱིན་འགོག་དམག་རོགས་གཏོང་བའི་ནུས་པ་མེད་ཟེར་བའི་རྫུན་གཏམ་གྱི་མཐིལ་བརྟོལ་བ་རེད།
རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཞུ་སྐབས་གསེར་བུམ་དཀྲུགས་དགོས་པ་དེ་རྒྱ་ནག་གོང་མར་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་གཞག་ཞུ་བའི་དབང་ཆ་ཡོད་པའི་དཔང་རྟགས་ཡིན་ཁུལ་བཤད་ཀྱི་ཡོད། སྔ་བར་ཕྱི་གསུམ་དུ་༧རྒྱལ་བ་སྐུ་ཕྲེང་རིམ་བྱུང་གི་ཡང་སྲིད་རྩད་གཅོད་ཞུ་སྒོ་ཐམས་ཅད་བོད་གཞུང་རང་གིས་ཐག་གཅོད་པ་དང་། གསེར་བུམ་དཀྲུགས་པ་ཆོས་ཕྱོགས་ཀྱི་བྱེད་སྒོའི་གྲས་ཤིག་ཡིན་ཡང་། རྒྱ་ནག་གོང་མར་ཡང་སྲིད་བསྐོ་གཞག་གི་དབང་ཆའམ་། ཐེ་བྱུས་བྱས་པའི་དབང་ཆ་མེད། ལར་ནས་༧རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུས་ཚད་ལ་གསེར་བུམ་དཀྲུག་དགོས་པའང་མིན། དཔེར་ན། ༧རྒྱལ་བ་སྐུ་ཕྲེང་དང་པོ་ནས་བརྒྱད་པ་བར་དང་ཐག་ཉེ་ས་ནས་བརྗོད་ན། ༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་། བཅུ་བཞི་པ་ཆེན་པོ་ལྟ་བུའོ། གལ་ཏེ་གསེར་བུམ་དཀྲུགས་འདོན་དེ་རྒྱའི་གོང་མའི་དབང་ཚད་ཡིན་ཟེར་ན། གསེར་བུམ་མ་དཀྲུག་པར་ངོས་འཛིན་ཞུས་པ་དེ་རྒྱ་ནག་གོང་མར་བརྩི་མེད་རྡོག་རོལ་དུ་བཏང་བ་མིན་ན་ཅི།
རྒྱ་ཕྱོགས་ནས་ཧོར་དང་། རྒྱ་ནག་གོང་མས་བོད་ཀྱི་བླ་ཆེན་ལ་གོ་མིང་དང་། འཇའ་ས་ཐམ་ག་ཕུལ་བའི་རྒྱུ་མཚན་དུ་བྱས་ཏེ་བོད་རྒྱ་ཁོངས་ཡིན་ལུགས་བཤད་ཀྱི་ཡོད་པ་རེད། དེ་ལྟར་ཡིན་དགོས་ན། ཕྱི་ལོ་ ༡༢༨༨ ལོར་ཡོན་གུབ་ལའི་ཁང་གིས་ཀོ་རི་ཡའི་རྒྱལ་སྲས་ཝང་ཡོན་ཞེས་པར་དངུལ་གྱི་ཐམ་ག་སྤྲད་པ་དང་། ༡༩༢༥ ལོར་ཡོན་ཁྲེང་ཙུང་གིས་བྷར་མའི་རྒྱལ་པོར་ཆོ་ལོ་དང་། དངུལ་གྱི་ཐམ་ག་སྤྲད་པའི་རྒྱུ་མཚན་གྱིས་ཀོ་རི་ཡ་དང་བྷར་མ་གཉིས་ཡོན་རྒྱལ་རབས་ཀྱི་ཆ་ཤས་ཡིན་ནམ། ཕྱི་ལོ་ ༡༦༦༥ ལོར་མན་ཇུ་ཁང་ཞུའི་སྐབས་ཝི་ཀྲི་ནམ་ཨམ་ནན་གྱི་རྒྱལ་པོར་འཇའ་ས་དང་ཆོ་ལོ་སྤྲད། ༡༧༩༣ ལོར་མན་ཇུ་ཆན་ལུང་གིས་གྷོརྵ་རྒྱལ་པོ་ར་ན་བྷ་རྡུར་ཤཱ་ལ་ཝང་གི་གོ་གནས་ཏོག་དང་། སྒྲོ་མདོངས་བཅས་སྤྲད། བལ་ཡུལ་ནས་ལོ་ལྔ་རེའི་མཚམས་རྒྱ་ནག་ཏུ་རྟེན་ཆས་འབུལ་མི་བཏང༌། དེ་ལྟའི་རྒྱུ་མཚན་གྱིས་ཝེཏ་ནམ་དང་། གྷོརྵ་གཉིས་མན་ཇུའི་ཁྱབ་ཁོངས་ཡིན་ནམ།
དེ་དང་དེ་འདྲའི་རྒྱུ་མཚན་གྱིས་མངའ་འོག་ཡིན་དགོས་ན། ཕྱི་ལོ་ ༡༥༧༨ ལོར་༧རྒྱལ་དབང་བསོད་ནམས་རྒྱ་མཚོས་ཧོར་རྒྱལ་པོ་ཨལ་ཐན་ཧན་ལ་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་མཚན་གསོལ་བསྟོད་པ་དང་། ༧རྒྱལ་མཆོག་ལྔ་པ་ཆེན་པོས། ༡༦༣༧ ལོར་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་ཆོ་ལོ་དང་། ཐམ་ག། ཕྱི་ལོ་ ༡༦༥༣ ལོར་མན་ཇུའི་གོང་མ་ཧུན་ཀྲི་ལ། གནམ་གྱི་ལྷ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ཞེས་པའི་མཚན་བསྟོད་བཅས་རྩལ་ཡོད་པས་ཧོར་དང་མན་ཇུ་བོད་ཀྱི་ཁོངས་གཏོགས་སུ་ཁྱབ་བམ།
རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༡༩ ལོར་ཁལ་ཁ་རྗེ་བཙུན་དམ་པར་གསེར་ཤོག་ཐོག་བྲིས་པའི་ཆོ་ལོ་དང་། ཧོ་ཐོག་ཐུ་ཧན་ཞེས་པའི་གོ་གནས་གསེར་ཐམ་བཅས་ཕུལ་བས་ཕྱི་སོག་རྒྱ་ཁོངས་ཡིན་ལུགས་བཤད་ཕོད་དམ།
ཕྱི་ལོ་ ༡༢༧༡ ནས་ ༡༩༥༩ བར་མི་ལོ་ ༦༨༨ རིང་བོད་གཞུང་གི་ལས་ཁུངས་ཆེ་ཆུང་གང་ཞིག་ནང་རྒྱ་རིགས་དབང་འཛིན་པ་གཅིག་ཀྱང་མེད། བོད་སྡོད་ཨམ་བྷན་ལ་ཆ་མཚོན་ན་བོད་གཞུང་གི་ཆོས་སྲིད་འཛིན་པའི་གདན་ཐོབ་སྤུ་ཙམ་ཡང་མེད། ཨམ་བྷན་ཚོ་ཕྱི་རྒྱལ་བའི་ངོ་བོའི་ཐོག་ནས་སྡོད་ཀྱི་ཡོད། ༧རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་པ་ནས་སྐུ་ཕྲེང་རྗེས་མས་ཐུགས་འགན་མ་བཞེས་བར་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་རྒྱལ་ཚབ་བོད་མི་རང་ཉིད་ནས་བསྐོ་འདེམས་བྱེད་ཀྱི་ཡོད། གལ་ཏེ་རྒྱ་གཞུང་གིས་བརྗོད་པ་བཞིན་བོད་རྒྱ་ཁོངས་ཡིན་པ་དང་། བོད་སྡོད་ཨམ་བྷན་གྱིས་བོད་གཞུང་གི་སྲིད་དབང་བཟུང་ཆོག་གི་ཡོད་ན། ༧རྒྱལ་བ་མ་བཞུགས་པའི་སྐབས་སུ་བོད་ཀྱི་སྲིད་དབང་བོད་སྡོད་ཨམ་བྷན་གྱི་ལག་ཏུ་ཡོད་དགོས་པ་མ་ཡིན་ནམ།
ཧོར་རམ་ཡོན་རྒྱལ་རབས་ནས་བཟུང་རྒྱའི་སྲིད་འཛིན་བདག་དབང་སྤྱོད་པའི་ས་ཁོངས་རྣམས་ཞིང་ཆེན་དུ་དབྱེ་སྐབས་བོད་པ་རང་ཤུགས་སུ་རྒྱ་ཁོངས་ལ་མེད་པ་དཔེར་ན། ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཐོག་མའི་སྐབས་རྒྱ་ཞིང་ཆེན་བཅུ་གསུམ་དུ་ཕྱེ་ཡོད་པ་དང་། ཕྱིས་སུ་མིང་རྒྱལ་རབས་སྐབས་རྒྱ་ཞིང་ཆེན་བཅོ་ལྔར་ཕྱེ་ཡོད། དེ་རྗེས་ཞིང་ཆེན་བཞི་བསྣན་ཏེ་ཞིང་ཆེན་ཉི་ཤུ་རྩ་གཉིས་བཟོས་པ་དེ་དག་རྒྱའི་བདག་དབང་མངའ་ཁོངས་ཡིན་ཟེར་མོད། འོན་ཀྱང་དུས་དེ་དག་སྐབས་སུ་བོད་ཀྱི་སྐོར་དྲི་མ་ཙམ་ཡང་གླེང་མེད་། ཐ་ན་རྒྱ་ནག་གོ་མིང་ཏང་སྲིད་གཞུང་བཙུགས་པ་ནས་རྒྱ་ཞིང་ཆེན་ཉི་ཤུ་རྩ་བརྒྱད་བཟོས་པའི་ནང་དུ་ཡང་བོད་བསྡུ་མ་ནུས་པ་དེ་ཐོག་ནས་བོད་རྒྱ་ཁོངས་མིན་པ་ར་འཕྲོད་གསལ་པོ་བྱུང་ཡོད།
གོང་གསལ་ལོ་རྒྱུས་ཀྱི་དཔང་རྟགས་དང་། ལུང་རིག་གི་རྒྱུ་མཚན་དེ་དག་ལ་བློ་གཟུ་བོར་གནས་པའི་དྲང་བདེན་གྱི་མི་མང་སྤྱི་དང་། ཁྱད་པར་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དངོས་བྱུང་གི་ལོ་རྒྱུས་ལ་ཞིབ་དཔྱད་མཛད་ན། ཆུ་དང་འོ་མ་རོ་གཅིག་ཏུ། འདྲེས་པ་ངང་པའི་མཆུ་ཡིས་འབྱེད། གསུངས་པ་ལྟར་བདེན་རྫུན་ལས་སླར་གསལ་རྟོགས་ཐུབ་ངེས་ཡོད༎༎།