༄༅།།བོད་རྒྱ་འབྲེལ་མོལ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་ པའི་སྲིད་ཇུས་བཅས་སྐོར་ཡག་པོ་ཤེས་རྒྱུ་ནི་བོད་དོན་ལས་འགུལ་ནང་མཚོ་ན་དོན་ གནད་གལ་ཆེན་ཞིག་རེད། དེ་བས་ཀློག་པ་པོ་དང་བོད་དོན་ལ་ཐུགས་སྣང་གནང་མཁན་རྣམ་པ་ཚོའི་ཁྲོད་དུ་གོང་ཞུས་ཀྱི་གནས་ཚུལ་སྐོར་ཕན་ཚུན་གོ་རྟོགས་དང་དགོངས་ཚུལ་རྗེ་རེས་ཡོང་ཆེད། ཉེ་ཆར་ནས་ང་ཚོའི་དྲྭ་ཐོག་ཏུ་བོད་དོན་ལ་རྒྱུས་ལོན་དང་ཤེས་རྟོགས་མི་དམན་པ་ལྡན་པའི་ཆེས་ལས་མི་སྣ་ནོར་བུ་དོན་ལྡན་ལགས་ཀྱི་བྲིས་གནང་བའི་དཔྱད་རྩོམ་སྤེལ་ ས་འདི་གསར་སྣོན་བྱས་པ་ཡིན།ཁོང་གི་རྩོམ་དུས་ཚོད་ངེས་ཅན་ནང་དྲྭ་ཐོག་ཏུ་འགོད་ཀྱི་ཡིན་ཞུ། ཀློག་པ་པོ་རྣམ་པ་ཚོ་ལ་ཕན་ནུས་རེ་ཡོང་བའི་རེ་བ་ཞུ་བ་དང་ཆབས་ཅིག་ཏུ། ཁྱེད་རྣམ་པས་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།།
དབུ་མའི་ལམ་གྱི་བྱུང་རིམ་དང་གཉིས་སྨན་ཁེ་ཕན་ཇི་ལྟར་ཡོད་པ།
རྩོམ་པ་པོ། ནོར་བུ་དོན་ལྡན།
༄༄།། བོད་ནི་ཐོག་མའི་མི་རིགས་འབྱུང་ཁུངས་དང་། སྐད་ཡིག་། རིག་གཞུང་། སེམས་ཁམས་ཀྱི་ངོ་བོ་། མི་ཚེ་སྐྱེལ་སྟངས་། རྒྱན་ཆ་ལུགས་། ཡུལ་སྲོལ་གོམས་གཤིས་། ས་ཆའི་གནས་བབ་། རྒྱལ་རབས་ལོ་རྒྱུས་སོགས་གང་གི་ཆ་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་གཙང་མ་ཞིག་ཡིན་རུང་། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་ཡོངས་རྫོགས་དམར་པོར་བསྒྱུར་རྫེས་། ༡༩༥༠ ཟླ་༡༠ཚེས་༧ཉིན་རྒྱ་དམག་ཁྲི་ཚོ་བརྒྱད་ཀྱིས་ཁམས་རི་བོ་ཆེ་དང་ལྡན་ཕོག་། སྐམ་ཐོག་གྲུ་ཕ་། སྡེ་དགེ་འཇོ་མདའ་། ཚ་ཁ་ལྷོ་། སྨར་ཁམས་སོགས་འབྲི་ཆུ་བརྒལ་ཏེ་ས་ཁག་བརྒྱད་ལ་དུས་གཅིག་ཏུ་ཚུར་རྒོལ་བཙན་འཛུལ་བྱས་པ་རེད་།
ཕྱི་ལོ་༡༩༥༡ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་བོད་གཞུང་དབར་བཞག་པའི་གྲོས་མཐུན་དོན་ཚན་༡༧ཟེར་བ་དེ་ནི་བོད་རྒྱ་གཉིས་མོས་དང་འདྲ་མཉམ་ཐོག་ནས་བཞག་པ་ཞིག་མ་ཡིན་པར་། མེ་མདའི་རྩེ་གྲིས་བསྡིགས་ཏེ་འཇིགས་བསྐུལ་གནོན་ཤུགས་འོག་བཞག་པའི་གྲོས་མཐུན་ཞིག་རེད་། གྲོས་མཐུན་དེ་འདྲ་རྒྱ་ནག་གི་ཁྱབ་ཁོངས་སུ་དང་མཉམ་དུ་བཞག་པ་བྱུང་མེད་ལ་། བོད་གཞུང་གིས་གཏོང་གནང་མཛད་པའི་སྐུ་ཚབ་ཚོགས་པར་རྩ་དོན་དང་འབྲེལ་བའི་གལ་འགངས་ཆེ་སར་བོད་གཞུང་ལ་དགོངས་སྐོར་༧སྙན་གསེང་མ་ཞུས་པར་ཐག་གཅོད་བྱེད་པའི་དབང་ཚད་མེད་པ་དང་། བོད་ས་གནས་སྲིད་གཞུང་ཟེར་བའི་ཐ་སྙད་དེ་ཡང་དེ་སྐབས་གསར་དུ་བཟོས་པའི་བརྫོད་ཚིག་གསར་པ་ཞིག་ཡིན་། གང་ལྟར་ ༡༩༥༡ ནས་ ༡༩༥༩ བར་ལོ་བརྒྱད་རིང་༧གོང་ས་མཆོག་དང་བོད་གཞུང་གིས་བོད་འབངས་ལ་དྲག་གནོན་བརྡབ་གསིགས་འཕར་མ་མི་ཡོང་བ་དང་། བོད་རྒྱའི་དཀའ་རྙོག་འགྲིགས་འཇགས་ཡོང་ཏེར་དགོངས་ཏེ་མེས་འཚིགས་མེར་གཏུགས་ཀྱིས་གུ་བཤངས་སྟབས་བཟོ་བསྟུན་མཁས་གང་ཡོང་གནང་རུང་རྒྱ་ཕྱོགས་ནས་ཁ་ཞེ་མི་མཚུངས་པའི་བཙན་དབང་སྡུག་རྩུབ་ཀྱི་བྱ་སྤྱོད་ཉེན་རེ་ནས་ཇེ་སྡུག་ཇེ་ཞེན་བཏང་སྟེ་ཐ་ན་གྲོས་མཐུན་ཞེས་པའི་ནང་གསལ་ཆེད་དོན་དང་རྩ་འགལ་བརྡལ་བཤིགས་བྱས་པ་མ་ཟད་། བོད་ཀྱི་མདོ་སྟོད་སྨད་ས་ཁུལ་ལ་དམངས་གཙོ་བཅོས་བསྒྱུར་ཟེར་བའི་མིང་ཚིག་འོག་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་དང་བཅས་པ་རྡོག་རོལ་དུ་བཏང་བ་དང་། བླ་མ་མི་དྲག་དང་ཆོས་པ་། ཤེས་ཡོན་ཅན་གྱི་མི་སྣ་བཅས་གློ་བུར་འཛིན་བཟུང་དང་གར་སོང་ཆ་མེད་ཀྱི་གནས་ཚུལ་དང་། མི་མང་བྱིངས་ལའང་སྔར་བྱུང་མེད་པའི་གདུག་རྩུབ་མནར་གཅོད་བསུན་གཙེར་ཚད་ལས་བརྒལ་བ་བྱས་པ་། ༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭར་ཡང་གནོད་འཚེའི་གཡོ་བྱུས་ཀྱི་ལས་འགུལ་བཅས་བརྩམས་པར་བརྟེན་། ༡༩༥༩ ཟླ་ ༣ ཚེས་ ༡༧ དགོང་དྲོ་༧གོང་ས་མཆོག་དང་བཀའ་ཤག་བཅས་སྐུ་འཁོར་ཧྲག་བསྡུས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་རེད་།
ཕྱི་ལོ་ ༡༩༥༩ ཟླ་ ༤ པའི་ཚེས་ ༡༨ ཉིན་རྒྱ་གར་གྱི་ས་ཁུལ་ཏེ་ཛ་པུར་དུ་༧ཞབས་སོར་འཁོད་མ་ཐག་༧གོང་ས་མཆོག་གིས་རྒྱ་ནག་གཞུང་གི་དབང་ཤེད་ལ་བརྟེན་ནས་གྲོས་མཐུན་དོན་ཚན་ ༡༧ བཞག་དགོས་བྱུང་བ་དེ་ལ་ངོས་ལེན་མེད་པ་དང་འབྲེལ་བོད་རང་དབང་རང་བཙན་བསྐྱར་གསོའི་ལས་འགུལ་དབུ་འཛུགས་གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་བསྐྱངས་པ་ནས་། ༡༩༧༩ བར་མི་ལོ་ ༢༠ རིང་བཙན་བྱོལ་གཞུང་མང་ཡོངས་ཀྱིས་བོད་རང་བཙན་བསྐྱར་གསོ་གནང་རྒྱུའི་སྲིད་བྱུས་བཟུང་ཡོད་།
ཕྱི་ལོ་༡༩༧༤ ཙམ་ལ་སྐབས་དེའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང་། བཀའ་ཤག་། འབྲེལ་ཆགས་མཁྱེན་རྒྱ་ཡངས་པའི་ཤེས་ཡོན་མྱོང་ཅན་མང་པོར་འཛམ་གླིང་འདི་དཔལ་འབྱོར་དང་། ཆབ་སྲིད་། དམག་དོན་གང་གི་ཆ་ནས་གཅིག་ལ་གཅིག་བརྟེན་གྱི་དགོས་མཁོ་ཇེ་ཆེར་སོང་སྟེ་། མི་རིགས་དང་ཡུལ་ལུང་ཟུར་གནས་རང་བཙན་གྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། རྒྱ་ནག་ནང་ལའང་འགྱུར་བ་འགྲོ་ངེས་ཀྱིས་བོད་རྒྱ་ཞི་མོལ་གྱི་དུས་སྐབས་ཤིག་ཡོང་རྒྱུར་གཟིགས་ཏེ་བོད་དོན་ཞི་མོལ་གྱི་སྒོ་ནས་ཐག་གཅོད་ཡོངས་ཐབས་སུ་བོད་རང་བཙན་སྐྱར་གསོ་བྱ་རྒྱའི་སྲིད་བྱུས་ལ་འགྱུར་བ་གནང་བཞེད་ཀྱིས་བཀའ་བསྡུར་དང་། དགོངས་འཆར་བསྡུ་བཞེས་རིམ་པ་གནང་ཡོད་།
ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་དམར་གྱི་འགོ་འཁྲིད་སྐུ་བཤེགས་ཏིང་ཞའོ་ཕིང་གིས་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་གླེང་མ་གནང་ན་། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་པའི་གྲོས་འགོ་བཏོན་པར་བརྟེན་སྔོན་དུ་དགོངས་ཚུལ་ཡོད་མུས་ལྟར་༧གོང་ས་མཆོག་གིས་བོད་དོན་ཞི་མོལ་གྱི་སྒོ་ནས་ཐག་གཅོད་ཡོང་ཐབས་སུ་བོད་རང་བཙན་སྐྱར་གསོ་བྱ་རྒྱུའི་སྲིད་བྱུས་ལ་འགྱུར་བ་གནང་སྟེ་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་གནང་ན་འཕྲལ་ཕུགས་གཉིས་ཀར་དགེ་ཕན་ཆེ་བར་གཟིགས་ཏེ་དེ་འཕྲལ་མཐུན་ཕྱོགས་ཀྱི་བརྡ་ལན་གནང་སྟེ་བོད་རྒྱ་ཞི་མོལ་གནང་རྒྱུར་དགོངས་རྒྱ་ཆེ་བཞེས་གནང་བ་རེད་།
དེ་རྫེས་ ༡༩༨༨ ཟླ་ ༦ ཚེས་ ༦ ཉིན་ནས་བཟུང་ཉིན་བཞིའི་རིང་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བཀའ་བློན་རྣམ་པ་། གཞུང་ཞབས་། བོད་མིའི་སྡོད་སྒར་ཡོངས་རྫོགས་ཀྱི་ས་གནས་འགོ་འཛིན་དང་མི་མང་འཐུས་མི་། རིས་མེད་ཆོས་རྒྱུད་དབུ་འཛིན་རྣམ་པའི་སྐུ་ཚབ་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་། བོད་ནས་གསར་དུ་འབྱོར་བའི་འཐུས་མི་། དམིགས་བསལ་མགྲོན་འབོད་གནང་བའི་མི་སྣ་བཅས་ཡོད་པའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་ཐོག་གོ་བསྡུར་སྦྱང་བཤད་གནང་མཐར་ཚང་མས་གོང་གསལ་དབུ་མའི་ལམ་གྱི་གྲོས་འཆར་ལ་རྒྱབ་སྐྱོར་ཞུས་རྗེས་།
༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཏྲས་སི་སྦག་ཏུ་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་གནང་བ་ནས་དུས་ཡུན་ལོ་ཤས་ཕྱིན་ཡང་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་མ་བྱུང་བར་བརྟེན་། ༡༩༩༦ ། ༩༧ ལོར་༧གོང་ས་མཆོག་ནས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐབས་ལམ་གང་ལེགས་བོད་རྒྱ་ཆེའི་མི་མང་གིས་འོས་བསྡུའི་ལམ་ནས་མང་མོས་ཐག་གཅོད་དགོས་པའི་ལམ་སྟོན་ཕེབས་པ་བཞིན་སྔོན་འགྲོའི་བསམ་འཆར་བསྡུ་ལེན་སྐབས་བསམ་ཤོག་བརྒྱ་ཆ་ ༦༥ བརྒལ་བས་མང་མོས་ཐག་གཅོད་མ་དགོས་པར་དབུ་མའི་ལམ་དང་། ཡང་ན་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་། དུས་ནས་དུས་སུ་༧གོང་ས་མཆོག་གིས་ཐག་གཅོད་གང་གནང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསལ་བ་ལྟར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་པ་རེད་།
དེ་ལྟར་བབ་ལྷིང་བརྟན་གསུམ་གྱི་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་གནང་བ་ཞིག་ལས་། གློ་བུར་དུ་བྱུང་བ་ཞིག་དང་། ཕྱི་ནས་བསམ་ཚུལ་འདོན་པ་། ཡང་ན་༧གོང་ས་ཆེན་པོ་སྐུ་རྐྱང་གིས་བརྒྱ་ཁ་གཅིག་གཅོད་ཀྱིས་ཐུགས་ཐག་བཅད་དེ་གཞུང་དང་མི་མང་ལ་བཙན་འགེལ་གནང་བ་མིན་པ་ཤེས་དགོས་།
དབུ་མའི་ལམ་ཞེས་པ་ནི་མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཤིག་ལ་ཟེར་། དེ་ནི་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཁས་མི་ལེན་པར་། བོད་མི་རང་ཉིད་ཀྱི་ཐོབ་ཐང་རང་དབང་རང་བཙན་སྐྱར་རྕོད་བྱེད་པ་དང་། རྒྱ་ནག་གཞུང་གིས་བོད་ནི་ཁ་བྲལ་དུ་མི་རུང་བའི་རྒྱ་ནག་གི་མངའ་ཁོངས་ཟེར་བ་དེ་གཉིས་ཀྱི་དབུས་ཏེ་། རྒྱ་ནག་ལ་བོད་རྒྱ་ཁོངས་ནས་ཁ་བྲལ་འགྲོ་མི་དགོས་པ་དང་། བོད་མི་ཚོ་ལ་རང་ཡུལ་རང་གིས་སྐྱོང་བའི་རང་སྐྱོང་གི་ཚད་མཐོའི་དབང་ཆ་ཡོད་པ་བཅས་ཕན་ཚུན་གཉིས་ཀར་བློ་བཞག་ས་ཡོད་པ་གཉིས་སྨན་གྱི་ཐབས་ལམ་ཞིག་ལ་ཟེར་།
དབུ་མའི་ལམ་གྱི་མཛད་ཕྱོགས་གཞིར་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འདི་ཐག་གཅོད་བྱས་པ་ཡིན་ན་། ཁེ་ཕན་ཐོབ་མཁན་བོད་ཕྱོགས་གཅིག་པུ་མིན་པར་། རྒྱ་ནག་ལའང་དེ་མཚུངས་ཀྱི་ཁེ་ཕན་ཐོབ་རྒྱུ་ཡིན་། དཔེར་ན་བོད་མིའི་ཕྱོགས་ནས་བརྫོད་ན་།
རྒྱ་སྡེ་བོད་སྡེ་ཟེར་བའི་ནང་ཚུད་བོད་རིགས་འདུས་སྡོད་བྱེད་པའི་རང་སྐྱོང་གི་གནས་བབ་སྤྲད་པའི་བོད་རིགས་ས་ཁུལ་ཡོངས་རྫོགས་གོང་བུ་ཞིག་ཏུ་བསྐྲུན་ཏེ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གནས་བབ་ཚད་ལྡན་ཡོང་རྒྱུ་།
རང་སྲིད་རང་སྐྱོང་དེ་ཡང་མང་གཙོའི་ལམ་སྲོལ་ལ་བརྟེན་ནས་མི་མང་གིས་འོས་འདེམས་བྱས་པའི་གྲོས་ཚོགས་དང་། འོས་འདེམས་བྱས་པའི་གཞུང་གི་འཛིན་སྐྱོང་། དེ་བཞིན་རང་དབང་ཅན་གྱི་ཁྲིམས་ཁང་ཞིག་ཡོང་རྒྱུ་།
བོད་ཀྱི་ཆོས་དང་རིག་གཞུང་། ཤེས་ཡོན་། དཔལ་འབྱོར་། འཕྲོད་བསྟེན་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་བོད་མི་རང་གིས་འཛིན་སྐྱོང་གོང་འཕེལ་གཏོང་རྒྱུ་།
བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་རེས་མཉམ་ལས་བྱས་ཏེ་དཔལ་འབྱོར་རང་འཚོ་ཐུབ་པ་ཡོང་རྒྱུ་།
བོད་འདི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་ཆེན་པོ་ཞིག་ལ་འགྱུར་བ་དང་བསྟུན་འགྲིམ་འགྲུལ་དང་ཞབས་ཞུའི་ལས་རིགས་སོགས་ནས་ཁེ་ཕན་ཐོབ་རྒྱུ་།
རྒྱལ་ཁབ་གཞན་དང་། རྒྱ་ནག་གི་ཁྱབ་ཁོངས་མི་རིགས་གཞན་དང་། རང་སྐྱོང་གཞན་། ཞིང་ཆེན་གཞན་དང་མཉམ་ཆོས་དང་རིག་གཞུང་དང་། སྒྱུ་རྩལ་། ཤེས་ཡོན་། ཚན་རིག་། མང་ཚོགས་ཀྱི་འཕྲོད་བསྟེན་། རྩེད་རིགས་། ཁོར་ཡུག་། དཔལ་འབྱོར་སོགས་ཀྱི་ཐད་ཕན་ཚུན་བརྗེ་ལེན་གྱི་ཁེ་ཕན་།
རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་མི་གཏོང་བ་དང་། དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོང་བྱས་པ་རྣམས་ཕུད་། དེ་མིན་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིགས་གནས་སྤོ་བྱེད་པའི་སྲིད་བྱུས་མཚམས་འཇོག་གིས་རང་ཁྱིམ་རང་བདག་གི་དབང་ཆ་རག་རྒྱུ་།
དེ་མཚུངས་དབུ་མའི་ལམ་གྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཐད་ཀའི་ཁེ་ཕན་ཡོད་པ་ནི་།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་གཅིག་གི་རྩ་དོན་ནི་རྒྱལ་ཁབ་ཀྱི་བླ་སྲོག་ལྟ་བུར་བརྩི་བཞིན་ཡོད་པ་ལྟར་། བོད་ཀྱི་བརྟན་ལྷིང་གི་ཆེད་དུ་བོད་ནང་མི་ཤུགས་དང་། དངོས་ཤུགས་། དྲག་ཤུགས་བཅས་ཀྱི་ཆེད་དུ་འགྲོ་སོང་ཕངས་མེད་གཏོང་གི་ཡོད་པ་དེ་དག་མི་དགོས་པ་དང་། ཁ་བྲལ་འགྲོ་དྭོགས་ཀྱི་སེམས་ཁྲལ་བྱེད་མི་དགོས་པ་།
རྒྱ་ནག་རྒྱལ་སྤྱིའི་ཐོག་གནས་བབས་མཐོ་རུ་སོང་ནས་སྟོབས་ཆེན་རྒྱལ་ཁབ་ཀྱི་འགན་ནུས་འདོན་ཐུབ་པ་ཡོང་བ་དང་ཆབས་ཅིག་རྒྱལ་སྤྱའི་ངོ་རྒོལ་ཕྱོགས་ཁག་རང་བཞིན་མེད་པ་ཕྱིན་ཏེ་རྒྱལ་སྤྱིའི་ནང་ངོ་གནོངས་མི་དགོས་པ་དང་། བལྟ་སྟངས་མི་འདྲ་བ་ཞིག་ཡོང་རེ་།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་གྲངས་ ༥༦ མཐུན་སྒྲིལ་གོང་བུ་གཅིག་སྒྲིལ་ཡོང་བ་བྱ་རྒྱུ་རྩ་ཁྲིམས་ཀྱི་གྲུབ་ཆ་གལ་ཆེ་ཞིག་ཡིན་པར་བརྟེན་དབུ་མའི་ལམ་གྱིས་དེར་ཕན་པ་ཡོད་།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་ ༣༠ ནང་མི་རིགས་ས་ཁུལ་རང་སྐྱོང་གི་ཐོབ་ཐང་དང་། དོན་ཚན་༣༡ ནང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཐོབ་ཐང་གི་ཆ་རྐྱེན་ཁག་གཉིས་བསྐྲུན་ཡོད་པར་བརྟེན་དབུ་མའི་ལམ་ནི་གོང་གསལ་ཆ་རྐྱེན་དེ་གཉིས་ཡང་དག་ལག་བསྟར་ཐུབ་རྒྱུར་ཕན་པ་ཡོད་།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་དུས་རབས་གསར་པའི་ནང་ཆོས་ལུགས་དང་། མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བཅས་ནི་ཏང་དང་། རྒྱལ་ཁབ་ལས་དོན་གྱི་མཐུན་སྦྱོར་ནུས་པ་ཆེ་ཤོས་སུ་ངོས་འཛིན་པ་དེ་ལ་ཕན་པ་ཡོད་།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་ཨེ་ཤ་ཡའི་གླིང་ཆེན་སྤྱི་དང་ལྷག་དོན་རྒྱ་གར་དང་ཐབས་བྱུས་རོགས་རེས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་རྒྱུར་རེ་བ་བྱེད་བཞིན་ཡོད་པ་དེ་དང། བོད་ཀྱི་ས་བབ་ཆགས་ཚུལ་ངོས་ནས་ལྷོ་ནུབ་ཀྱི་རྒྱལ་སྒོ་ལྟ་བུ་རྒྱལ་སྲུང་ལ་འབྲེལ་བ་ཡོད་པས་སྲུང་སྐྱོབ་ཐད་དོན་ཕན་ལྡན་པའི་དགེ་ཚན་ཡོད་།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་འདི་བཞིན་དངོས་པོ་དང་། བསམ་པའི་དཔལ་ཡོན་དར་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་བཞིན་པ་ལྟར་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་བསམ་པའི་དཔལ་ཡོན་དར་རྒྱས་ཡོང་བར་ཆོས་ལུགས་ཀྱི་སློབ་གསོ་དང་། ཆོས་ཕྱོགས་དབུ་ཁྲིད་པའི་རྒྱབ་སྐྱོར་དགོས་པ་ལྟར་དབུ་མའི་ལམ་དང་། དེ་གསར་གཏོད་མཛད་མཁན་གྱི་ཕྱོགས་ནས་ཞོགས་འདེགས་ཕན་ཐོགས་ཡོང་རྒྱུ་།
ཟི་ཁྲོན་དང་། མཚོ་སྔོན་། ཡུ་ནན་། ཀན་སུའུ་། ཉིང་ཤག་། ཤིང་ཅང་། ནང་སོག་། བོད་རང་སྐྱོང་ཟེར་བ་བཅས་འཛིན་སྐྱོང་ཆ་བགོས་བྱས་པའི་ཁོངས་གཏོགས་ཕྱོགས་བདུན་ནས་དཔལ་འབྱོར་མཉམ་ལས་ཀྱི་གོང་བུར་བསྒྲིལ་ཏེ་ཤར་ལྷོ་ཨེ་ཤ་ཡའི་ཚོང་འབྲེལ་མཉམ་ལས་ཀྱི་གྲུབ་བྱ་ཞིག་ཏུ་འགྱུར་ཐུབ་རྒྱུར་ཕན་པ་ཡོད་།
ཐེ་ཝན་སྔ་ཙམ་རྒྱ་ནག་སྐམ་ས་ཆེན་པོ་དང་གཅིག་གྱུར་ཡོང་ཐབས་ཕྱོགས་ཡོངས་ནས་འབད་བརྩོན་བྱེད་བཞིན་ཡོད་པར་བརྟེན་དབུ་མའི་ལམ་གྱིས་དེའི་དཔེ་མཚོན་རང་བཞིན་དུ་ཕན་པ་ཡོད་།
ལོ་རྒྱུས་ཐོག་ནང་པའི་རྒྱལ་ཁབ་ཡིན་པའི་ཤུགས་རྐྱེན་གྱི་བག་ཆགས་སད་པའི་རྒྱ་མི་རིགས་ས་ཡ་མང་པོར་བོད་ཀྱི་ཁྱད་ནོར་ཆོས་དང་རིགས་གཞུང་གིས་ཕན་ཐོགས་བྱེད་ཐུབ་པ་དང་། དེས་རྐྱེན་པས་རྒྱ་ནག་ནང་འགྲོ་བ་མིའི་བརྩེ་སེམས་དང་གཞན་ཕན་འཚེ་བ་མེད་པའི་བསམ་བློ་དར་ཁྱབ་ཀྱིས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ངན་པ་ཁག་ཁྲིམས་དང་དྲག་ཤུགས་ཀྱིས་བཀག་འགོག་བྱས་པ་ལས་ལྷག་པའི་ཕན་འབྲས་ཐོན་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་པར་ཕན་ཁྱད་ཡོད་།
༧གོང་ས་མཆོག་ཕྱི་རྒྱལ་ཡུལ་ཁག་ལ་བཀག་འགོག་དང་། གནད་ཡོད་མི་སྣ་མཇལ་འཕྲད་ལ་ངོ་རྒོལ་། གསུང་བཤད་དང་གཟེངས་རྟགས་འབུལ་བཞེས་ལ་སྐྱོན་འཛུགས་། ཆོས་སྲིད་ཀྱི་མཛད་པར་ལོག་སྤྱོད་དང་ཁ་བྲལ་ཟེར་བའི་ལས་འགུལ་སྤེལ་མི་དགོས་པའི་ཁེ་བཟང་ཡོད་།
དེ་ལྟར་མི་རིགས་འདྲ་མཉམ་ཟེར་བ་ནི་། མི་རིགས་ལ་མཐོ་དམའ་དང་། བཟང་ཞན་། མང་ཉུང་བཅས་མི་དབྱེ་བར་འདྲ་མཚུངས་མཉམ་གནས་ཐུབ་པ་ཞིག་ལ་ཟེར་བ་དང་། མི་རིགས་འདྲ་མཉམ་ནི་མི་རིགས་མཐུན་སྒྲིལ་གྱི་རྒྱུ་རྐྱེན་མེད་ཐབས་མེད་པ་ཞིག་ཡིན་།
བོད་རྒྱ་མི་རིགས་གཉིས་འདྲ་མཉམ་ཐོག་ནས་མཉམ་གནས་ཐུབ་པ་ཞིག་བྱུང་ན་། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གལ་ཆེའི་རྩ་དོན་དུ་འཛིན་པའི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱ་ནག་གོང་བུ་གཅིག་གྱུར་བཅས་ཀྱི་རྨངས་གཞིར་འགྱུར་རྒྱུ་ཡིན་། དེར་བརྟེན་འཚེ་མེད་ཞི་བ་དང་། བོད་རྒྱ་གཉིས་སྨན་། མི་རིགས་མཐུན་སྒྲིལ་།སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་ཐུབ་པ་ནི་དབུ་མའི་ལམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་།།།།