
ཨ་རིའི་གྲོས་ཚོཌ་ཀྱི་དཔེ་མཛོད་དབུ་འཛིན་ནས་དམིཌ་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་ནས་༧གོང་ས་མཆོག་གི་ཕྱག་རྟཌ་ཞེས་རྗེས་ཐུཌ་རྗེ་ཆེ་ཞུ་བཞིན་པ། འདྲ་པར་། ICT/Ben Carrdus
༅༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་ དུས་རབས་ ༡༨ ནང་བཞེངས་པའི་རྟོགས་བརྗོད་མཛད་བརྒྱ་དཔག་བསམ་ཁྲི་ཤིང་གི་གཙོ་ཐང་གཅིག་དང་། མཎྜལ་གཅིག དེ་བཞིན་གསེར་ གྱི་མཆོད་ཀོང་བཅས་ཕྱག་རྟགས་སུ་སྩལ་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཚོགས་ཁང་དུ་མཛད་སྒོ་ཞིག་ཚོགས་པའི་ཐོག་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་ཕྱི་ཟླ་ ༢ ནང་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་དེར་ཆིབས་སྒྱུར་སྐྱོང་སྐབས་དཔེ་མཛོད་ཁང་དེར་ཕྱག་རྟགས་ཤིག་གསོལ་རས་སྩལ་རྒྱུའི་དགོངས་བཞེས་ཡོད་སྐོར་བཀའ་སྩལ་ཡོད་པའི་གནས་ཚུལ་ཚོགས་བཅར་བ་རྣམས་ལ་གསལ་བཤད་གནང་ཡོད་པ་དང་། དེ་རྗེས་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དཔེ་མཛོད་ཁང་གི་དབུ་འཛིན་སྐུ་ཞབས་ཇེམ་སི་བྷི་ལིང་ཊོན་ལ་ཕྱག་རྟགས་དེ་དག་ཕུལ་བ་དང་སྦྲགས་དམིགས་བསལ་སྐུ་ཚབ་མཆོག་གིས་ཞལ་ཐང་དེའི་སྐོར་འགྲེལ་བཤད་ཀྱང་གནང་ཡོད། སྐབས་དེར་དཔེ་མཛོད་དབུ་འཛིན་མཆོག་གིས་ཕྱག་རྟགས་རྩིས་ལེན་གནང་བ་དང་སྦྲགས་དམིགས་བསལ་སྐུ་ཚབ་བརྒྱུད་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། ༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ པ་མཆོག་གིས་ཕྱི་ལོ་ ༡༩༠༨ ལོར་ཨ་རི་བ་སྐུ་ཞབས་ཝིལ་ཡམ་རོག་ཧིལ་ལ་སྩལ་བའི་ཕྱག་རྟགས་རྣམས་འདི་ལོ་ཕྱི་ཟླ་ ༢ ནང་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་མཆོག་དཔེ་མཛོད་འདིར་ཆིབས་སྒྱུར་བསྐྱངས་སྐབས་སྤྱན་བསྟར་ཞུ་རྒྱུའི་གོ་སྐབས་ཐོབ་བྱུང། ཕྱག་རྟགས་དེ་དག་ཨ་རི་དང་༸སྐྱབས་མགོན་ཏཱ་ལའི་བླ་མའི་དབར་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་མཚོན་དོན་ཞིག་ཡིན་པ་ལྟར། དེ་རིང་སླར་ཡང་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དམིགས་བསལ་ཕྱག་རྟགས་འདི་དག་ང་ཚོར་སྩལ་བ་འདིས་ཕན་ཚུན་འབྲེལ་བ་དམ་ཟབ་གཏོང་གནང་མཛད་པའི་ཐོག་ ང་ཚོར་དཔེ་མཛོད་ཀྱི་དམིགས་ཡུལ་དྲན་བཀུལ་གནང་ཡོད། ཕྱག་རྟགས་དེས་ང་ཚོ་དང་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དབར་ཕན་ཚུན་ཐུན་མིན་མཛའ་གྲོགས་ཀྱི་འབྲེལ་ལམ་བཟང་པོ་ཡོད་པ་མཚོན་བཞིན་ཡོད། ངས་དམིགས་བསལ་སྐུ་ཚབ་བརྒྱུད་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་དང་༸སྐྱབས་མགོན་ཏཱ་ལའི་བླ་མ་ མཆོག་དཔེ་མཛོད་འདིར་ཡང་ཡང་ཕེབས་བསུ་བཞུ་བཞིན་ཡོད་ཅེས་གསུངས།