རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

བདེན་ཚིག་དྲན་གསོ་ཞུས་པ།

༄༅།།བོད་ རྒྱ་འབྲེལ་མོལ་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་ པའི་སྲིད་ཇུས་བཅས་སྐོར་ཡག་པོ་ཤེས་རྒྱུ་ནི་བོད་དོན་ལས་འགུལ་ནང་མཚོ་ན་དོན་ གནད་གལ་ཆེན་ཞིག་རེད། དེ་བས་ཀློག་པ་པོ་དང་བོད་དོན་ལ་ཐུགས་སྣང་གནང་མཁན་རྣམ་པ་ཚོའི་ཁྲོད་དུ་གོང་ ཞུས་ཀྱི་གནས་ཚུལ་སྐོར་ཕན་ཚུན་གོ་རྟོགས་དང་དགོངས་ཚུལ་རྗེ་རེས་ཡོང་ཆེད། ཉེ་ཆར་ནས་ང་ཚོའི་དྲྭ་ཐོག་ཏུ་བོད་དོན་ལ་རྒྱུས་ལོན་དང་ཤེས་རྟོགས་མི་དམན་པ་ལྡན་པའི་ཆེས་ལས་མི་སྣ་ནོར་བུ་དོན་ལྡན་ལགས་ཀྱི་བྲིས་གནང་བའི་དཔྱད་རྩོམ་སྤེལ་ ས་འདི་གསར་སྣོན་བྱས་པ་ཡིན།ཁོང་གི་རྩོམ་དུས་ཚོད་ངེས་ཅན་ནང་དྲྭ་ཐོག་ཏུ་འགོད་ ཀྱི་ཡིན་ཞུ། ཀློག་པ་པོ་རྣམ་པ་ཚོ་ལ་ཕན་ནུས་རེ་ཡོང་བའི་རེ་བ་ཞུ་བ་དང་ཆབས་ཅིག་ཏུ། ཁྱེད་རྣམ་པས་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།།

བདེན་ཚིག་དྲན་གསོ་ཞུས་པ།

རྩོམ་པ་པོ། ནོར་བུ་དོན་ལྡན།

༄༄།  ཕྱི་ལོ་ ༡༩༥༠ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༡༦ ལ་ཕེབས་སྐབས་གངས་ཅན་བོད་ཀྱི་ཆབ་འབངས་ལྷ་སྡེ་མི་སྡེ་ཐུན་མོང་ནས་གསོལ་བ་བཏབ་པ་བཞིན་ལོ་དེའི་ཟླ་ ༡༡ ཚེས་ ༡༧ ཉིན་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་དུས་ད་ལྟ་བར་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི་། སྨད་མདོ་ཁམས་སྒང་དྲུག་དང་བཅས་པའི་ཁྱབ་ཁོངས་བོད་རིགས་སུ་གཏོགས་པ་རྣམས་ཀྱི་འཕྲལ་ཕུགས་ཕན་བདེ་ཁོ་ནའི་ཆེད་སྐུ་ངལ་བསྐྱོན་པ་ཕྱི་གསལ་ནང་གསལ་གྱི་གནས་ཚུལ་ཞིག་ཡིན་པ་ལས་། རང་ཉིད་ཀྱི་ཐོབ་ཐང་དང་ཁེ་ཕན་ཆེད་རེ་དྭོགས་གནང་བ་སྣེ་གཅིག་མེད་པ་ཀུན་གསལ་ཡོངས་གྲགས་ཡིན་། ཁྱད་ཚར་བ་ཞིག་ལ་འཛམ་བུ་གླིང་པ་སྤྱིའི་བལྟ་སྟངས་དང་མི་འདྲ་བ་རྒྱ་ནག་སྲིད་གཞུང་གིས་ྋགོང་ས་མཆོག་སྐུ་འཁོར་ཉུང་ཤས་ཀྱི་འགྲོ་སྟངས་ཐོག་བསམ་གཞིགས་བྱ་འཐུས་ཞེས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ཉིད་ཀྱི་མཐོ་གོ་ས་དང་། སྔར་གྱི་གནས་བབས་ཐོབ་ཐང་སླར་གསོ་བཅས་ཀྱི་ཁེ་ཕན་སྐོར་རྒྱ་གཞུང་ལ་རེ་འདུན་གནང་གི་ཡོད་འདྲའི་བལྟ་སྟངས་ཡོད་པ་ནི་ཆེས་ཡ་མཚན་གྱི་བལྟ་སྟངས་མི་འདྲ་བ་ཞིག་རེད་།

རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ྋགོང་ས་མཆོག་གི་ཆོས་སྲིད་ཀྱི་མཛད་པ་བསྐྱངས་ཚད་ལ་སྐྱོན་འཛུགས་དང་དམའ་འབེབས་།  ཁ་ཡ་བདག་སྤྲོད་བྱེད་མཁན་ཡོད་མིན་ལ་མ་ལྟོས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་གནང་ཚད་ལ་ངོ་རྒོལ་དང་། འབྲེལ་ཆགས་སྲིད་གཞུང་སོ་སོར་སྡིགས་ར་གནོན་ཤུགས་བྱས་དང་བྱེད་མུས་བཅས་ཀྱིས་གྲོས་ཁོག་མ་རྒྱག་པར་ད་དུང་ྋགོང་ས་མཆོག་གི་རྗེས་འདེད་སོ་ཉུལ་མངགས་གཏོང་དང་། བཀའ་སློབ་གསུང་བཤད་དང་གསུང་ཙོམ་ཁག་ལ་སྐྱོན་འདོགས་བྱེད་པ་བཅས་ནི་ངལ་བའི་རྒྱུ་ལས་ཕན་ཐོགས་མེད་། ྋགོང་ས་མཆོག་གིས་སྔ་ས་ནས་ལོ་རྒྱུས་ནང་ཡོད་པའི་རང་གི་ཐོབ་ཐང་དང་ཁེ་ཕན་བློས་བཏང་བཅོས་བསྒྱུར་གྱིས་རྒྱ་ཆེའི་བོད་མི་མང་གི་བདེ་རྩར་དགོངས་པ་བཞེས་སྟངས་དཔེ་མཚོན་ནི་།

ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་བོད་ཀྱི་དམངས་གཙོའི་རྩ་ཁྲིམས་ཟིན་བྲིས་འགྲེམས་སྤེལ་བསྐྱངས་པའི་ནང་ “ཏཱ་ལའི་བླ་མའི་དབང་ཆ་དོར་དགོས་བྱུང་ན་རྩ་ཁྲིམས་དང་ཚོགས་འདུའི་འགྲོ་ལུགས་དང་མཐུན་པ་ཐག་གཅོད་བྱེད་རྒྱུ་” ཞེས་འཁོད་ཡོད་པ་ནས་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་གནང་འདུག་དང་།

འདེམས་ཀ་མི་མང་ལ་གནང་འདུག་ཟུར་བལྟས་ལེབ་མཐོང་རེད་།  ཕྱི་ལོ་ ༡༩༦༩ ལོའི་ཡོངས་ཁྱབ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་“ བོད་འཛིན་སྐྱོངས་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱེད་རྒྱུ་མ་ཟད་།

ཏཱ་ལའི་བླ་མས་འཛིན་སྐྱོངས་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད་། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན་”  ཞེས་དོན་སྙིང་མི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་སོང་བའི་ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་མི་མང་གི་ལག་པར་ཡོད་པ་བསྟན་མི་འདུག་གམ་།

༡༩༨༧ ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་གཙོ་འཛིན་ཡན་མིང་ཕུས་བཙན་བྱོལ་བོད་གཞུང་ལ་ཕུལ་བའི་ཚིག་ཐོར་བཀའ་ཤག་ནས་གསལ་བཤད་གནང་བའི་ནང་ “ ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་དུས་རྒྱུན་དུ་ང་ནི་བོད་མི་མང་གི་མགྲིན་ཚབ་པ་ཞིག་ཡིན་གསུང་མུས་དང་། བོད་དོན་ནི་བོད་མིའི་ཆེད་དང་། དེ་ཡང་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་ཡིན་གསུང་ཡོད་” ཅེས་དང་། ཡང་ “ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཐོབ་ཐང་དོན་གནད་སྐོར་ང་ཚོས་སྔར་ཕན་གོ་བསྡུར་བྱས་མེད་ལ་། མ་འོངས་པར་ཡང་བཀའ་མོལ་གནང་དགོས་གང་ཡང་མེད་” ཅེས་ཚིག་ཐག་བཅད་དེ་གསལ་པོ་བཟོས་པ་གནང་ཡོད་།

ཕྱི་ལོ་ ༡༩༩༢ ལོའི་ཡོངས་ཁྱབ་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་ “ ང་ཚོ་བཙན་བྱོལ་ལ་གནས་པ་རྣམས་ནས་མ་འོངས་པར་བོད་ནང་མང་གཙོ་ཡང་དག་པ་ཞིག་ཡོང་བའི་དོན་ལ་གཞི་རྩའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ང་ཚོ་བོད་ནང་སླེབས་པའི་དུས་སྐབས་སུ་ད་ལྟའི་བཙན་བྱོལ་གཞུང་འདི་ཕྱིར་བསྡུ་བྱ་རྒྱུ་།

ངོས་ལ་ལོ་རྒྱུས་ཐོག་ནས་ཡོད་པའི་སྲིད་དབང་རྣམས་བར་བརྒལ་གྱི་སྲིད་གཞུང་དེར་རྩིས་སྤྲོད་བྱ་རྒྱུ་” ཞེས་དོན་དུ་མ་འོངས་པར་ང་ཚོ་རང་དབང་གང་འཚམས་ལྡན་པའི་ཐོག་ནས་བོད་ལ་ལོག་རྒྱུ་བྱུང་བའི་སྐབས་ྋགོང་ས་མཆོག་ནས་བོད་ཀྱི་སྲིད་གཞུང་གི་གོ་གནས་གང་ཡང་ལེན་རྒྱུ་མིན་པ་ཧ་ཅང་གསལ་པོ་བཟོས་པ་གནང་ཡོད་།

དེ་བཞིན་ཕྱི་ལོ་ ༡༩༩༢ ཟླ་ ༩ ཚེས་ ༤ ཉིན་ཡོངས་ཁྱབ་ཏུ་སྩལ་བའི་གསར་བཀོད་གསལ་བསྒྲགས་ནང་ “ བོད་ཀྱི་དཀའ་རྙོག་ཅེས་པ་ཏཱ་ལའི་བླ་མ་བོད་དུ་ཕྱིར་ལོག་བྱ་རྒྱུ་དང་། ཏཱ་ལའི་བླ་མའི་མིང་གནས་དང་འབྲེལ་བའི་གནས་ཚུལ་ཞིག་མིན་། དེ་ནི་བོད་ནང་གནས་བཞིན་པའི་བོད་མི་ས་ཡ་དྲུག་གི་ཐོབ་ཐང་དང་། རང་དབང་གི་གནས་ཚུལ་དང་འབྲེལ་བའི་དཀའ་རྙོག་ཅིག་ཡིན་” ཞེས་དང་།

ཡང་།  ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་།  མི་རྗེ་ཏིང་ཞའོ་ཕིང་དང་། ཅང་ཙེ་མིང་སོ་སོར་ཕྱག་བྲིས་དང་མཉམ་དུ་གནང་བའི་དྲན་ཐོའི་ནང་ “ མི་རབས་ནས་མི་རབས་བར་བོད་རྒྱ་ཁྱིམ་མཚེས་སུ་སྡོད་དགོས་པའི་བོད་མི་ས་ཡ་དྲུག་འཕྲལ་ཕུགས་བདེ་བར་འཁོད་ཐབས་ཀྱི་རྩ་དོན་ལ་དོ་སྣང་བདག་སྤྲོད་ཅི་ཡང་མ་བྱས་པར་། ངོས་རང་མི་སྒེར་གཅིག་གི་གནས་སྟངས་སྐོར་བཤད་དེ་། ང་ཚོའི་གྲོས་གཞིའི་སྙིང་པོ་ཁ་ཕྱོགས་བསྒྱུར་ཐབས་བྱས་སོང་”ཞེས་གསལ་བ་ནས་བོད་མིའི་འཐབ་རྩོད་དེ་ྋགོང་ས་མཆོག་སྐུ་སྒེར་གྱི་འཐབ་རྩོད་གནང་འདྲའི་བལྟ་སྟངས་དེ་རྒྱ་ནག་གཞུང་འབྲེལ་གྱི་སྲིད་བྱུས་གཅིག་པུ་ཡིན་པ་གསལ་པོ་མཐོང་ཐུབ་།

ཕྱི་ལོ་ ༢༠༠༡ ལོའི་ཡོངས་ཁྱབ་གསུམ་བཅུའི་གསུང་འཕྲིན་ནང་ “ བོད་དོན་འཐབ་རྩོད་འདི་ང་སྒེར་གྱི་གོ་གནས་བདེ་སྡུག་དང་འབྲེལ་བའི་འཐབ་རྩོད་གཅིག་མིན་པར་།

བོད་མི་ས་ཡ་དྲུག་གི་རང་དབང་དང་། གཞི་རྩའི་ཐོབ་ཐང་། རིག་གཞུང་གཅེས་འཛིན་། ཁོར་ཡུག་སྲུང་སྐྱོབས་བཅས་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན་”ཞེས་བོད་དོན་འཐབ་རྩོད་འདི་ྋགོང་ས་མཆོག་སྐུ་སྒེར་གྱི་གོ་གནས་བདེ་སྡུག་དང་འབྲེལ་བའི་འཐབ་རྩོད་ཅིག་མིན་པ་གསལ་སྟོན་ནན་པོ་གནང་ཡོད་པ་དང་།

གསུང་འཕྲིན་དེ་གའི་ནང་ “ འདི་ལོ་ནས་བཀའ་བློན་ཁྲི་པ་འོས་འདེམས་བྱེད་ཕྱོགས་ལ་འགྱུར་བ་བཏང་སྟེ་མང་གཙོའི་ངོ་བོ་ཤུགས་ཆེ་རུ་གཏོང་རྒྱུ་དང་། འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ལྷན་ཚོགས་གཉིས་ལ་ངོས་ནས་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཉིན་རེའི་ལས་འགན་རྩིས་སྤྲོད་བྱ་རྒྱུ་ཡིན་” ཅེས་ཕེབས་པ་ནས་སྐུ་སྒེར་གྱི་འགན་དབང་ཆུང་དུ་བཏང་བ་མཐོང་ཐུབ་།

དེ་ལྟ་བུའི་དངོས་ཡོད་གནས་ཚུལ་ཤེས་བཞིན་དུ་རྒྱ་ཕྱོགས་ནས་འདི་ལྟའི་དམིགས་ཡུལ་འཛིན་དོན་ནི་།  རྒྱལ་སྤྱིའི་ནང་ྋགོང་ས་མཆོག་གིས་བོད་མི་རིགས་ཀྱི་བདེ་དོན་ཁེ་་ཕན་ཆེད་དུ་སྐུ་ངལ་བསྐྱོན་པ་ཞིག་མ་ཡིན་པ་བསྟན་ཏེ་ཆེ་མཐོང་གཅོག་ཐབས་དང་གཅིག་། བོད་མི་ཚོས་ྋགོང་ས་མཆོག་གིས་བོད་མི་ས་ཡ་དྲུག་གི་བདེ་བ་སྡུག་བསྔལ་ཆེད་སྐུ་ངལ་བསྐྱོན་པ་ཞིག་མ་ཡིན་པར་རང་ཉིད་ཀྱི་ཐོབ་ཐང་ཆེད་འཐབ་རྩོད་གནང་བའི་རྣམ་པར་བསྒྱུར་ཏེ་དཔོན་འབངས་དང་བླ་སློབ་དབར་འགལ་ཟླའི་དམིགས་ཡུལ་ངན་པ་འཆང་བ་དང་གཉིས་།

རྒྱ་ནག་མི་མང་གིས་བོད་མི་ཚོས་རྩ་ཆེ་གུས་བརྩི་ཞུ་ཡུལ་ྋགོང་ས་མཆོག་ནི་བོད་མིའི་བདེ་སྐྱིད་སླད་འཐབ་རྩོད་གནང་མཁན་གྱི་དབུ་འཁྲིད་ཅིག་ལ་ངོས་འཛིན་བྱེད་མུས་ཀྱི་བལྟ་སྟངས་དེ་ཁ་ལོ་བསྒྱུར་ཐབས་བཅས་ཡིན་པ་རེད་།

འོན་ཀྱང་ད་ཆ་རྒྱལ་སྤྱིའི་ནང་རྒྱ་གཞུང་གི་ངན་བྱུས་ལ་ཚང་མ་ཡིད་ཐང་ཆད་འགོ་བཙུགས་ཡོད་པ་དང་།  བོད་ཕྱི་ནང་དུ་གནས་པའི་བོད་མིར་མཚོན་ན་རྒྱ་གཞུང་གི་བྱེད་སྟངས་ལ་བོད་མི་ལས་ལྷག་པའི་རྒྱུས་མངའ་ཆེ་བ་མེད་སྟབས་།  འཁྲབ་ཆས་བརྗེ་བསྒྱུར་གྱིས་འཁྲབ་སྟོན་ག་རེ་བྱས་ཀྱང་། ངོ་བོ་དང་རྣམ་པ་གཅིག་པ་ཡིན་པ་བོད་མི་ཙམ་མ་ཡིན་པར་བསམ་ཡོད་དང་ཤེས་ཡོན་ཅན་གྱི་རྒྱ་ནག་མི་མང་ཁོངས་ནས་ཀྱང་གསལ་པོ་ཤེས་ཀྱི་ཡོད་།  འདི་ལྟའི་བྱེད་སྟངས་འདིས་འཁྲབ་སྟོན་པ་རང་ཉིད་ངལ་བའི་རྒྱུ་ལས་། ཚིག་རིལ་དུ་སོང་བའི་ས་བོན་བཏབ་ནས་འབྲས་བུ་ལག་ཏུ་སོན་ཐབས་ཀྱི་དམིགས་ཡུལ་འཆང་བ་ནི་གཉིད་ལམ་དང་མཚུངས་པ་རེད་།

Powered by Wordpress | Designed by Elegant Themes