རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།

ཨ་རི་གཞུང་ནས་འདི་ལོའི་བོད་སྐོར་ལོ་འཁོར་སྙན་ཐོ་གྲོས་ཚོགས་སུ་ཕུལ་བ།

༄༅། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༠༩ ཟླ་ ༣ ནས་ཕྱི་ལོ་ ༢༠༡༠ ཟླ་ ༢ བར་བོད་ཐོག་སྲིད་བྱུས་དང་བོད་ཀྱི་དཀའ་རྙོག་སལ་ཆེད་ལས་འགུལ་གང་སྤེལ་བའི་ལོ་འཁོར་སྙན་ཐོ་ཞིག་༢༠༡༠ ཟླ་ ༨ ཚེས་༡༩ ཉིན་ཁྲིམས་མཐུན་བཞིན་ཨ་རིའི་གྲོས་ཚོགས་སུ་ཕུལ་འདུག་ སྙན་ཐོ་དེའི་དོན་ཚན་བཞི་པོ་ནི། ༡༽འཛིན་སྐྱོང་གི་ལས་དོན་སྙིང་བསྡུས། ༢༽བོད་ཐོག་འཛིན་པའི་སྲིད་བྱུས། ༣༽སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ནས་སྤེལ་བའི་བྱེད་སྒོ། ༤༽རྒྱ་ནག་གཞུང་དང་༧གོང་ས་མཆོག་དང་ཁོང་གི་སྐུ་ཚབ་དབར་གྲོས་མོལ་གྱི་གནས་བབ་བཅས་རེད་འདུག དེ་ཡང་སྙན་ཐོའི་ནང་འཁོད་དོན།

སྲིད་འཛིན་ཨོ་སྦ་མ་མཆོག་ནས་༧གོང་ས་མཆོག་༢༠༡༠ ཟླ་༢ ནང་མཇལ་བ་དང་ཨ་རིའི་སྲིད་འཛིན་ནས་༧གོང་ས་མཆོག་གི་དབུ་མའི་ལམ་ལ་བསྟོད་བསྔགས་ཞུ་གནང་ཡོད་།

ཕྱི་ ལོ་ ༢༠༠༨ ཟླ་ ༡༡ ནས་བོད་རྒྱ་འབྲེལ་མོལ་མཚམས་འཇོག་བྱས་རྗེས་སླར་ཡང་ཕྱི་ལོ་ ༢༠༡༠ ཟླ་བ་དང་པོའི་ཟླ་མཇུག་ཏུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་ངོ་འཕྲད་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དེ་གནང་བར་ཨ་རིའི་གཞུང་ཕྱོགས་ནས་དགའ་བསུ་ཞུ་བཞིན་ཡོད། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐབས་དོན་ཕན་སོན་པའི་གྲུབ་འབྲས་གང་ཡང་ཐོན་ མེད་ནའང། སྐབས་དེའི་འབྲེལ་མོལ་གྱི་འཁོར་ཡུག་གི་རྣམ་པ་དེ་ནི་ཇེ་བཟང་དུ་ཕྱིན་ཡོད། ཨ་རིའི་སྲིད་གཞུང་གིས་རྒྱ་བོད་གཉིས་དབར་དོན་ཕན་སོན་པའི་གྲུབ་འབྲས་ཡོང་ཆེད་ གྲོས་མོལ་རྒྱུན་འཁྱོངས་ཡོང་བའི་བསྐུལ་མ་མུ་མཐུད་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་ལ་བོད་སའི་ཁུལ་དུ་མུ་མཐུད་དཀའ་ངལ་འཕྲད་བཞིན་པ་དེ་སེལ་རྒྱུར་ བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཐུན་འགྱུར་ཞུ་ཐུབ་རྒྱུ་ཡིན་པར་ ཨ་རིའི་སྲིད་གཞུང་གིས་ཡིད་ཆེད་ཞུ་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་ཚུལ་དེ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་མངོན་པར་གསལ་བཞིན་ཡོད་པ་མ་ཟད། ཁོང་ལ་བོད་མི་མང་ཆེ་བས་གུས་བརྩི་ཞུ་བཞིན་ཡོད། ཁོང་གིས་མཐའ་གཅིག་ཏུ་འཚེ་མེད་ཞི་བར་རྒྱབ་སྐྱོར་གནང་བ་དེས་མཐའ་མའི་གྲུབ་འབྲས་ཐོབ་རྒྱུར་ལྟ་གྲུབ་གལ་ཆེ་ཞིག་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་ དང་ལྷན་བོད་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་གྲོས་མོལ་གནང་རྒྱུ་དེ་ རྒྱ་ནག་གཞུང་དང་བོད་མི་གཉིས་ཀར་གཉིས་སྨན་ཞིག་ཡིན། དཀའ་ངལ་དེ་སེལ་མ་ཐུབ་ཚེ་རྒྱ་ནག་ནང་དཀའ་ངལ་ཆེ་རུ་འགྲོ་རྒྱུ་དང་དེས་རྒྱ་ནག་ གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་ཡོང་ངེས་ཡིན་ཞེས་སོགས་འཁོད་ཡོད།།

སྙན་ཐོ་འདི་ནི་ཨ་རིའི་གྲོས་ཚོགས་ཀྱི་༢༠༠༢ ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁྲིམས་ཡིག་གཞིར་བཟུང་ལོ་ལྟར་གནང་དགོས་པའི་ལས་དོན་ཞིག་རེད་།

གནས་ཚུལ་ཁག་གཅིག་བོད་གཞུང་གི་དྲ་ཚིགས་ནས་བཤུས།

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༦ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ བདེ་སྐྱིད་སླར་གསོའི་གཞིས་ཆགས་ཀྱི་ཚོགས་ཁང་ནང་དབུ་འཛུགས་ཀྱི་ཐོག་མར་བཀྲ་ ཤིས་ལྷུན་པོའི་དགེ་འདུན་པ་རྣམས་ནས་དུང་རྒྱ་སེར་ཕྲེང་དང་བཅས་༸རྒྱལ་བའི་སྐུ་ དཔར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས་ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་ རྣམ་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག་དང་། བཀའ་བློན་ཁྲི་ པ་མཆོག་བཅས་ཀྱིས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་ཡོད། དེ་རྗེས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་སོགས་ནས་ཁྱོན་མི་གྲངས་ ༤༥༠ ཙམ་ཚང་འཛོམས་བྱུང་བ་ཚང་མ་སྐུ་བཞེངས་ཀྱིས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་ པོའི་རྒྱལ་གླུ་ཕུལ་བ་དང་སྦྲགས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། འདི་ལོ་སྐྱེ་རྒུ་མདོར་ ཁུལ་ས་འགུལ་གྱི་འཇིག་པའི་འོག་བོད་མི་མང་པོ་འདས་གྲོངས་སུ་གྱུར་པ་རྣམས་དང་ཉེ་ ལམ་བོད་མདོ་སྨད་འབྲུག་ཆུ་རྫོང་གི་གཙོས་འཛམ་གླིང་ས་ཕྱོགས་གང་སར་ཆུ་རུད་དང་ འདམ་རུད་ཀྱི་གོད་ཆག་འོག་བོད་མི་གཙོས་པའི་མི་མང་པོར་གོད་ཆག་ཚབས་ཆེ་ཕོག་པ་ རྣམས་དང་རྗེས་ཤུལ་ནང་མི་སྤུན་མཆད་རྣམས་ཀྱི་རྗེས་དྲན་གྱི་མྱ་ངན་གུས་འདུད་ངག་ བཅད་སྐར་མ་གཅིག་རིང་གནང་གྲུབ་བསྟུན། རྟེན་འབྱུང་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས་ཡོད། དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ མཆོག་གིས་ཚོགས་ཆེན་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ་ཚོགས་ཆེན་དབུ་འབྱེད་ ཀྱི་གསུང་བཤད་གནང་། དེ་རྗེས་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ གིས་ཚོགས་ཆེན་དང་འབྲེལ་བའི་བཀའ་ཤག་གི་གསུང་བཤད་གནང་དོན། (more…)

གང་ནས་བཅིངས་འགྲོལ་ ?

གང་ནས་བཅིངས་འགྲོལ་ ?

རྩོམ་པ་པོ། ནོར་བུ་དོན་ལྡན།

༧༧༎  ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༦ ཉིན་རྒྱའི་དྲ་རྒྱའི་ནང་  “ ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ལས་ཀའི་འཕེལ་རིམ་བདེ་བླག་བྱུང་ ” གནས་ཐོན་འདུག།   ཆབ་མདོ་ནི་བོད་ཀྱི་མདོ་ཁམས་ཕྱོགས་ཀྱི་རྒྱལ་ས་ལྟ་བུ་ཡིན་པར་བརྟེན་འཛིན་སྐྱོང་སྤྱི་རྒྱབ་ཏུ་དེ་སྔ་ཞབས་པད་གཅིག་མདོ་སྨད་སྤྱི་ཁྱབ་ཏུ་བསྐོ་གཞག་གནང་སྲོལ་ཡོད།

མདོ་སྤྱི་ལྷ་ཀླུ་ཡིན་སྐབས་གུང་བྲན་དམག་ཁག་གཅིག་དར་མདོ་ནས་རིམ་པས་རྟའུ་།  བྲག་འགོ།  དཀར་མཛེས་།  དར་དགོན།   སྡེ་དགེའི་ཕྱོགས་དང་།  ཁག་གཅིག་ཡུན་ནན་ནས་ས་ཐམ་།  རྒྱལ་ཐང་།  ལི་ཐང་།  འབའ་ཕྱོགས་སུ་འབྱོར།  ཁག་གཅིག་གིས་ཟི་ལིང་ནས་སྐྱེ་མདོ།  དིམ་ཆི་ཉེར་ལྔ་།  གླིང་ཚང་བཅས་པར་ཚུར་རྒོལ་དང་།  ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༧ ཉིན་བོད་ས་ཁམས་རི་བོ་ཆེ་དང་།  ལྡན་ཁོག།   སྐམ་ཐོག་གྲུ་ཁ་།  སྡེ་དགེ་འཇོ་མདའ་།  ཚ་ཁ་ལྷོ་།  སྨར་ཁམས་སོགས་དམག་ས་ཁག་ལྔ་ནས་དུས་གཅིག་ཏུ་ཚུར་རྒོལ་བྱས་ཏེ་རིམ་གྱིས་ཆབ་མདོར་བཙན་འཛུལ་གྱིས་མདོ་སྤྱི་ང་ཕོད་ངོ་ལས་བཙན་བཟུང་བྱས་ཏེ་ཚེས་ ༢༥ ཉིན་རྒྱ་ཕྱོགས་ནས་བོད་མི་ས་ཡ་གསུམ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་འོག་ནས་བཅིངས་བཀྲོལ་བཏང་ཚུལ་ཁྱབ་བསྒྲགས་བྱས་ཡོད།   སྐབས་དེར་བོད་ནང་རྒྱ་གར་གཞུང་གི་ལས་འཛིན་རི་ཅར་སན་དང་།  རླུང་འཕྲིན་ལས་བྱེད་ཕྱི་རྒྱལ་བ་མི་གཉིས་ལས་མེད་པ་ཀུན་གསལ་ཡོངས་གྲགས་ཡིན།   ཁོང་མི་རྡོག་གསུམ་ལ་ཕྱི་རྒྱལ་བཙན་འཛུལ་བར་ངོས་འཛིན་གྱིས་རྒྱ་དམག་ཁྲི་ཚོ་བརྒྱད་བཏང་སྟེ་བཅིངས་བཀྲོལ་བཏང་བར་གོ་དགོས་སམ་། (more…)

« Previous Entries Next Entries »

Powered by Wordpress | Designed by Elegant Themes