༄༅། །༸གོང་ས་མཆོག་གིས་ཁེ་ཐོ་ལིག་ཡི་ཤུའི་བླ་ཆེན་པོབ་གསར་པ་མཆོག་ལ་འཚམས་འཕྲིན་གནང་བ།
March 14th, 2013༄༅། །༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁེ་ཐོ་ལིག་ཡི་ཤུའི་བླ་ཆེན་པོབ་གསར་པ་མཆོག་ལ་འཚམས་འདྲིའི་འཚམས་འཕྲིན་ཞིག་གནང་འདུག་
འཚམས་འཕྲིན་ནང་༧གོང་ས་མཆོག་ནས་”སྐུ་ཉིད་པོབ་གསར་པར་ལོ་རྒྱུས་ཅན་གྱི་འོས་འདེམས་བྱུང་བར་ངོས་ཀྱིས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་” གསུངས།
ཡང་པོབ་གསར་པ་མཆོག་གི་ལོ་རྒྱུས་ཅན་གྱི་མཚན་ཞིག་འདམ་ག་གནང་བ་ཐོག་༧གོང་ས་མཆོག་ནས་འདི་ལྟར་གསུངས། “ངོས་རང་ཁེ་ཐོ་ལིག་ཆོས་ལུགས་ཀྱི་སྐྱེས་བུ་དམ་པ་མང་པོ་ཞིག་གི་ སྐོར་ལ་རྒྱུས་མངའ་དེ་ཙམ་མེད་རུང་། ངོས་ཀྱིས་སྐྱེས་བུ་དམ་པ་ཕ་རན་སི་སི་ St Francis མཆོག་སྐོར་ཤེས་ཀྱི་ཡོད། ངོས་རང་ཨ་སི་སིར་བསྐྱོད་མྱོང་བ་དང་། དེ་གར་ཆོས་ལུགས་ཁག་གི་ལྷན་ཚོགས་ཤིག་ལའང་མཉམ་ཞུཊ་བྱེད་མྱོང་། ཁོང་གི་བསླབ་ཁྲིམས་སྲུང་སྟངས་དང་། སྐུ་ཚེའི་ཉམས་ཆུང་གི་རང་བཞིན། སྲོག་ཆགས་ཀུན་ལ་བྱམས་བརྩེའི་ གཟིགས་སྐྱོང་གནང་སྟངས་ཀྱི་སྐུ་ཡོན་སོགས་ཀྱིས་ངོས་ལ་གཏིང་ཟབ་པའི་བློ་སྦོབས་སྤེལ་གྱི་འདུག སྐུ་ཉིད་ནས་ཁོང་གི་མཚན་དེ་བཞིན་ཉིད་ཀྱི་པོབ་མཚན་གནས་ཀྱི་མཚན་ལ་འདམ་ག་ནང་བ་དེས་གུས་པར་སེམས་འགུལ་ཐེབས་བྱུང།”
ཡང་དེ་སྔའི་པོབ་པོལ་དྲུག་པ་དང་། འཇོན་པོལ་གཉིས་པ། སྦེ་ནི་ཌིགཊེ་༡༦དང་ཡེ་ཤུའི་ཆོས་གྲོགས་ཕོ་མོ་གཞན་ལྷན་སྤྲོ་སེམས་འཁོལ་བའི་མཇལ་ཕྲད་བྱུང་བའི་སྐོར་དང་འབྲེལ་བའི་ཐོག་༧གོང་ས་མཆོག་ནས་གསུངས་གསལ།
“ངོས་རང་ཁྱེད་ཀྱི་༼བླ་ཆེན་པོབ་༽ལས་འཛིན་གོང་མ་དང་མཇལ་འཕྲད་ཀྱིས་གསུང་མོལ་ཞུ་ རྒྱུ་བྱུང་བར་ཧ་ཅང་དགའ་ཚོར་ཡོད། འདས་པའི་ལོ་ངོ་བཞི་བཅུའི་རིང་ངོས་ནས་ཡི་ཤུའི་ཆོས་གྲོགས་ཕོ་མོ་ཚོ་དང་ལྷན་གྲུབ་འབྲས་ལྡན་པའི་བསམ་ཚུལ་བརྗེ་ལེན་གྱི་ལས་རིམ་ནང་མཉམ་ཞུགས་བྱེད་རྒྱུ་བྱུང། ངོས་ཀྱིས་འབྱུང་འགྱུར་སྐུ་ཉིད་མཆོག་དང་མཇལ་རྒྱུའི་རེ་བ་ཞུ་བཞིན་ཡོད།”
འཚམས་འཕྲིན་ངོ་མ་དབྱིན་ཡིག་ཐོག་སྩལ་བའི་སྐོར་གསར་འགྱུར་དེ་དགའ་ལྡན་ཕོ་བྲང་གི་དྲ་ཚིཊ་ཐོག་གཟིཊ།
དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཀྱང་བླ་ཆེན་པོབ་མཆོག་ལ་འཚམས་འཕྲིན་ཞིག་གནང་འདུག དེ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་སུ་བཀོད་པའི་གནས་ཚུལ་འདི་རེད།
ཡི་ཤུའི་བླ་ཆེན་པོབ་གསར་པ་མཆོག་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་གནང་བ།
༢༠༡༣ ཟླ་ ༣ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཡི་ཤུའི་བླ་ཆེན་པོབ་གསར་པ་སྐུ་ཞབས་ཕ་རན་སི་སི་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༤ ཉིན་དགའ་བསུའི་འཚམས་འདྲི་གནང་བའི་ནང་འཁོད་དོན། འཛམ་གླིང་ས་གནས་གང་སར་གནས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་ ཡི་ཤུའི་བླ་ཆེན་པོབ་ཏུ་འོས་འདེམས་བྱུང་བར་ང་ཚོས་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན། ཐེངས་འདིར་ལེ་ཊིན་ཨ་མི་རི་ཁ་ནས་བླ་ཆེན་པོབ་ཀྱི་མཚན་གནས་བཞེས་མཁན་སྐུ་ཉིད་ མཆོག་ཐོག་མ་ཡིན་པར་བརྟེན། འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད།
འོས་འདེམས་གྲུབ་མཚམས་སྐུ་ཉིད་མཆོག་གིས་མང་ཚོགས་ལ་མཇལ་ཁ་སྩོལ་སྐབས་གསུང་བཤད་ གནང་བ་ལྟར། ཐེངས་འདིར་ཡི་ཤུའི་བླ་ཆེན་རྣམ་པས་བླ་ཆེན་པོབ་འོས་འདེམས་ཆེད་ཐབས་ཤེས་གང་ཡོད་ གནང་རྗེས། ཐེངས་དང་པོར་ཡུ་རོབ་ཀྱི་མི་སེར་མིན་པའི་བླ་ཆེན་པོབ་ཁེངས་དྲེགས་མེད་པ་དང་ དབུལ་ཕོངས་ལ་ཧ་ཅང་བརྩེ་བའི་སྐུ་ཉིད་མཆོག་འོས་འདེམས་བྱུང་ཡོད། སྐུ་ཉིད་མཆོག་ནི་ད་ཆ་འཛམ་གླིང་ཁྱོན་ཡོངས་ཀྱི་ཡི་ཤུའི་རྣམ་དག་གི་ཆོས་ལུགས་ རྗེས་འབྲང་པ་མི་འབོར་ཐེར་འབུམ་ ༡།༢ དབུ་ཁྲིད་ཆགས་ཡོད། གལ་ཆེའི་དུས་སྐབས་འདིར་སྐུ་འཁོར་འདུས་དམངས་རྣམས་ལ་སྐུ་ཉིད་མཆོག་གིས་བྱིན་ རླབས་འཐོབ་རྒྱུ་ཡིན་པར་གདོན་མི་ཟ།
བོད་དུ་དུས་རབས་མང་པོའི་རིང་ཡི་ཤུའི་རྗེས་འབྲང་པ་དང་བོད་མི་ནང་པ་རྣམས་ཕན་ ཚུན་འཆམ་མཐུན་ངང་གནས་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཡི་ ཤུའི་བླ་ཆེན་པོབ་ཇོན་པོལ་མཆོག་གིས་གཙོས། འཛམ་གླིང་ནང་ཡི་ཤུའི་ཆོས་ལུགས་ཀྱི་དབུ་ཁྲིད་འདྲ་མིན་དང་ལྷན་ཉམས་མྱོང་བརྗེ་ ལེན་གྱི་བག་ཆགས་གཏིང་ཟབ་འཇོག་གནང་མཛད་པ་མ་ཟད། ཇེ་རུ་ས་ལིམ་དང་ཨ་སི་སི། ལོར་ཌེ། ཕ་ཏི་མ་སོགས་ཡི་ཤུའི་གནས་ཁྱད་པར་ཅན་མང་དག་ཅིག་ཏུ་གནས་གཟིགས་ཀྱང་མཛད་ཡོད། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ་ནི་༸གོང་ས་ཏཱ་ལའི་བླ་མ་ མཆོག་གི་སྐུ་ཚེའི་མཛད་འགན་གཙོ་བོ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད། ཅེས་སོགས་འཁོད་ཡོད།
འཚམས་འཕྲིན་ངོ་མ་དབྱིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།

